ཁ་བ་བབས་ཚུལ།

སྨུག་པ། (མཚོ་ལྷོ) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 01-09


ཁོའི་གཅིན་སྦོས་ཏེ་ཁོག་སྨད་ལ་ཟུག་གཟེར་ཚོད་མེད་དུ་བསྐྱེད་ཀྱང་། ཁོར་ཡུག་ཀུན་ཁ་བས་གཡོགས་པས་གཅིན་གཏང་ས་ཞིག་གཏན་ནས་རྙེད་མ་བྱུང་། མཐར་ལུས་པོའི་སྡུག་བསྔལ་དེས་བཟོད་བསྲན་གྱི་མགོ་ཡོངས་སུ་མནན་པས།ཁ་བའི་གཞི་རུ་གཅིན་པ་གཏོང་མགོ་བརྩམས། དེའི་མུར་ཁོ་རང་དངངས་སྐྲག་དང་བཅས་གཉིད་མ་སད་ཀྱིས་མལ་ས་ལས་ཡར་ལངས་ཏེ་སྒོའི་ཕྱི་རོལ་ཏུ་རྒྱུག

ཁོ་རང་མྱུར་སྟབས་ཀྱིས་ཁང་བ་ལས་ཕྱི་རུ་བུད་ཅིང་། ཁ་བའི་ཁྲོད་དུ་འགྲེང་སྟེ་གཅིན་པ་གཏོང་བསམ་དུས་། འཁྱག་སིབ་སིབ་ཀྱི་ཚོར་ཤེས་ཤིག་རྐང་བའི་མཐིལ་ནས་སྤྱི་གཙུག་བར་དུ་མཆེད་སོང་ལ།ལུས་པོར་ཡང་གྲང་འདར་ཞིག་བརྒྱབ་པས། རྣམ་རིག་ཇེ་གསལ་དུ་སོང་ཞིང་། མཉམ་བཞག་དུས་བྱ་སྒྲོ་ལེབ་མོ་ལྟ་བུའི་ཁ་བའི་འདབ་མ་དག་ཨ་སྔོན་གྱི་མཐོ་ས་ཞིག་ནས་རང་ཉིད་སྡོད་སའི་རི་ལུང་འདིའི་གྲུ་ཟུར་གང་རུང་ལ་མཚམས་ཚིགས་མེད་པར་འབབ་བཞིན་ཡོད་ཅིང་། མིག་གིས་ཟིན་ཚད་ཀྱི་རི་ར་བ་ཁང་ཁྱིམ་མ་ལུས་དཀར་བོང་བོང་གི་འཇིག་རྟེན་ཞིག་ཏུ་སྒྱུར་བཞིན་འདུག

ཁོས་གཡས་ལག་གིས་གདོང་པར་དཔྱངས་འོང་བའི་པྲ་ཆིལ་གྱི་སྐྲ་ལོ་དག་ལྟག་གར་ཤད་ཙམ་བྱས་ཤིང་། རང་ཉིད་རྨི་ལམ་དང་མངོན་སུམ་གཉིས་ལས་དོན་དམ་གང་གི་པང་དུ་ཡོད་པར་ཡང་དོགས་པ་ཟ་དགོས་བྱུང་མོད། ཁོག་སྨད་འགད་ལ་ཁད་བྱེད་པའི་ཟུག་གཟེར་དེས་མྱུར་བར་ན་ཟུག་གང་དེ་འཇགས་ཐབས་བྱ་དགོས་པའི་དྲན་སྐུལ་ཡང་ཡང་བཏང་པས། ཁོས་ད་གཟོད་རང་ཉིད་རྨི་ལམ་དང་གྱེས་ཏེ་དངོས་ཡོད་དུ་འབྱོར་ཡོད་པར་ངེས་ཤེས་རྙེད།

ཁོས་ཁ་བའི་འབབ་ལུགས་ལ་ཞིབ་མོར་ཐེངས་ཤིག་བལྟས་འཕྲལ་ཁང་བའི་གཡས་ཕྱོགས་སུ་ཆས་སོང་། བསེར་བུའི་ཁ་ཕྱོགས་ཤར་ནས་ནུབ་ལ་འཁོར་ཡོད་རྐྱེན། ཁ་བ་ཡང་ཁང་བའི་གཡས་ཕྱོགས་ཀྱི་གྱང་གཤམ་དུ་བབས་མི་འདུག ནམ་རྒྱུན་ཁ་བ་འབབ་ཐེངས་རེར། ཁོས་བསེར་བུའི་རྒྱུ་ཕྱོགས་ལ་གཞིགས་ཏེ་ཁ་བ་བབས་མེད་སའི་གྱང་གཤམ་དག་བཙལ་ནས་གཅིན་པ་གཏོང་བཞིན་ཡོད། དེ་ནི་ཁ་བ་འབབ་དུས་ཁོ་རང་ལ་ཡོད་པའི་གོམས་སྲོལ་ཞིག་ཡིན། གོམས་སྲོལ་དེ་ཡོད་པ་ནས་ཁོས་ཁ་བ་བབས་ཀྱང་རྨི་ལམ་ནང་ལྟར་ན་ཟུག་མྱོང་མི་དགོས། ཡིན་ནའང་། ས་མཐོའི་ལྗོངས་འདིར། ཁ་བ་ནི་ནམ་ཡོང་ངེས་པ་མེད་པའི་མགྲོན་པོ་རྒྱུན་ཡོང་ཞིག་ཡིན་ཞིང་། སྐབས་རེར།ཁ་བ་ཆེན་པོ་བབས་ཏེ་གྱང་གཤམ་མ་ལུས་མནན་འགྲོ་བས། དང་ཐོག་ཁ་བ་ཆེན་པོ་འབབ་པར་སེམས་ཁྲལ་ལྕི་ཡང་། ཕྱིས་སུ་ཁོས་གྱང་གཤམ་གྱི་ཁ་བ་དག་ཕྱགས་མས་དལ་མོར་ཕྱོགས་གཅིག་ཏུ་ཕྱགས་རྗེས་ཤུལ་དུ་ད་གཟོད་གཅིན་པ་གཏོང་བ་ཡིན། དེ་ལྟ་ནའང་། ཕྱགས་མས་ཁ་བ་ཕྱགས་ཐེངས་རེར་ཡིད་སེམས་སུ་རང་གིས་གནམ་སར་མི་ཤོང་བའི་བྱས་ཉེས་ཤིག་རྩོམ་བཞིན་པའི་ཉམས་སྣང་བྱུང་ལ། དེ་ལྟར་གཅིན་པ་གཏོང་ཐེངས་རེ་ནི་རང་སེམས་ལ་མནར་གཅོད་གཏོང་བའི་གོ་རིམ་ཞིག་ཏུ་གྲུབ་ཚར།

ཁོས་གྱང་གཤམ་དེར་གཅིན་པ་གཏོང་སྐབས། བགྲང་བྱ་ག་ཚོད་ཅིག་གི་སྔོན་ལ་བྱུང་བའི་འདས་དོན་དེ་སླར་ཡང་དྲན་ཤེས་ཀྱི་ཡོལ་ངོར་ལྷམ་མེ་ལྷན་ནེར་འཕོས་བྱུང་། དེ་ནི་དཔྱིད་དུས་ཤིག་སྟེ། ལོ་ན་བརྒྱད་ལ་སོན་ཙམ་གྱི་ཁོས་སློག་པ་རྙིང་ཧྲུལ་ཞིག་གྱོན་ཏེ་རང་ཚང་གི་ལུ་གུ་འཚོ་བཞིན་ཡོད། ཉིན་ཞིག་གི་ཕྱི་དྲོར། ཁོ་རང་ཁྱིམ་མཚེས་ཀྱི་བྱིས་པ་རེ་ཟུང་དང་ལྷན་དུ་རྩེད་མོར་གཡེང་དྲག་པས།ལུ་གུར་མཉམ་འཇོག་བྱ་རྒྱུ་གཏིང་ནས་བརྗེད་སོང་། མུན་རུབ་སྟེ་ཡུལ་ལ་ལྡོག་བསམ་དུས། ད་གཟོད་རང་ཉིད་རྫི་བོ་ཡིན་པ་དྲན།འོན་ཀྱང་། ལུ་གུའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་། མཐར་ཡུལ་མི་ཚོས་ཀྱང་ལག་སྒྲོན་རེ་བཟུང་སྟེ། ལ་བཙལ་ལུང་བཙལ་བྱས་མོད་། ལུ་གུ་ཚོ་གཏན་ནས་རྙེད་མ་བྱུང་།

དེར་ཁོའི་ཕ་རྒན་གྱི་གདོང་བ་གནམ་ངོ་བཞིན་རུབ་པར་གྱུར་ཞིང་། ཁོ་རང་ལོ་དྲུག་ལ་སོན་ཙམ་ནས་གཅིག་པུས་ལུག་དེད་དེ་སྨན་ལྗོངས་ཁྱུང་རྫའི་འདབ་ཏུ་རྫི་བོར་སོང་ཞིང་། དྲེད་མོང་དང་རི་སྤྱང་ལ་འཕྲད་དུས་ཀྱང་ལུག་ཁྱུ་གཏན་ནས་བོར་མ་མྱོང་། ཁྱོད་རང་ལོ་བརྒྱད་ལ་སླེབས་ཀྱང་།ཐལ་དོང་འགྲམ་ནས་ལུ་གུ་ཡང་འཚོ་ཐུབ་པ་མི་འདུག་ཅེས་ཐུགས་ཁྲོ་ཁྲོ་མཛད་བྱུང་ལ། ཁོས་རང་ཉིད་ཀྱིས་ནོར་འཁྲུལ་ཆེན་པོ་ཞིག་བཟོས་སོང་སྙམ་བཞིན་སེམས་པ་ཁོང་དུ་ཆུད་པར་གྱུར། ཨ་མས་ཁབ་རིང་ཞིག་བལ་གྱིས་དཀྲིས་ནས་ཇ་ཁུག་གི་ཐོག་ཏུ་འཛེར་ཏེ། ལུ་གུ་དག་ནམ་མཁའི་སྐར་མར་བཅོལ་གདམ་བྱས་ཟིན་པས་སྐྱོན་ཡོད་མི་སྲིད་ཅེས་ཁོ་ལ་སེམས་གསོ་མཛད།

མཚན་མོ་དེར། མལ་དུ་ཉལ་ཡང་ཆུང་ཆུང་གི་སེམས་པ་ལྗིད་ཏིག་ཏིག་གི་ཅི་ཞིག་གིས་ཡོངས་སུ་མནན་པས་གཏན་ནས་གཉིད་ཁུག་མ་བྱུང་། ཐོ་རངས་ཀྱི་དུས་སུ་གཉིད་ལྕོག་ཅིག་བརྒྱབ་པར་རྨི་ལམ་དུ་ལུ་གུ་དག་སྤྱང་ཀིས་ཐེར་ཚལ་སྦར་ཚལ་དུ་བཏང་ཡོད་པ་ཞིག་རྨིས་པས་དངངས་སྐྲག་དང་བཅས་གཉིད་ལས་སད་དུས། མ་གཞིར་རྨི་ལམ་རྨི་ཐེངས་ཤིག་ཡིན་པ་ཚོར་བས་སེམས་པ་ཨེན་ཙམ་བདེ་རུ་བབས་སོང་།དུས་དེར། ཁང་བའི་ནང་ཇེ་དཀར་ནས་ཇེ་གསལ་ལ་འགྲོ་བཞིན་འདུག་པས།ཁོས་ལུ་གུ་བཙལ་དུ་འགྲོ་དགོས་བསམ་ནས་ཕྱིར་ཐོན་དུས། ཁོར་ཡུག་ཀུན་ཁུ་སིམ་མེར་འདུག་ལ། འཁྱག་སིབ་སིབ་ཀྱི་ཅི་ཞིག་གདོང་དུ་བབས་པས་སྔོན་གྱི་ཉོབ་མདངས་དེ་གང་ཞིག་ཏུ་དཀྲོགས་སོང་། སྐབས་དེར། འབའ་ཞེས་པའི་ལུ་གུའི་སིང་སིང་གི་སྐད་སྒྲ་ཞིག་གིས་སྟོང་འཇགས་ཀྱི་ཁ་དབུགས་དེ་བརྟོལ་ནས་ཁོའི་སྙན་གྱི་ག་བུར་ལྷུང་བྱུང་། ཁོས་བློ་རིག་ལྕགས་སྐུད་ལྟར་བསྒྲིམས་ཤིང་། མིག་གཉིས་རྡེབ་ཙམ་ཡང་མི་བྱེད་པར་ཕྱོགས་དེར་ཉན་ཡང་། ཁོག་ན་ལྟིག་ལྟིག་ལྟིག་ལྡིང་བཞིན་པའི་སྙིང་ཆུང་གི་འཕར་སྒྲ་ལས་ཅི་ཡང་གོ་རྒྱུ་མ་བྱུང་བས།རང་ཉིད་ལ་རྣ་འཕྲུལ་བྱུང་བ་མིན་ནམ་སྙམ། ཅུང་ཙམ་ནས་སིང་སིང་གི་ལུ་གུའི་འབའ་སྒྲ་ཞིག་ཁོ་ཚང་དང་ཐག་མི་རིང་བའི་དེའུ་འབུར་དེའི་ཕྱོགས་ནས་སླར་ཡང་མཆེད་བྱུང་། ཁོས་མཚམས་མེད་པར་འབའ་ཞེས་ལུ་གུར་ལད་མོས་འབོད་བཞིན་ཕར་རྒྱུགས་ཙམ་བྱས་འཕྲལ། ཕྱིར་འོང་སྟེ་འབའ་ལྡིར་བྱེད་བཞིན་པའི་མ་མོ་རྣམས་ལྷས་ལས་ཕུད་པར་དེ་དག་གཅིག་ལས་གཅིག་མགྱོགས་སྒོས་དེའུ་འབུར་གྱི་ཕྱོགས་སུ་རྒྱུག་པར་ལུ་གུ་ཚོས་ཀྱང་འབའ་སྒྲ་སྒྲོག་གིན་ཚུར་རྒྱུག་བྱུང་།

ལུ་གུ་ཚོ་དེ་ལྟར་བོར་རྗེས་དེ་ལྟར་རྙེད་པར་ཕ་ལོ་དགོད་བཞིན་མུན་རུབ་སྟེ། ང་ཚོའི་མཐོང་ལམ་བསྒྲིབས་པས་མ་རིག་པ་མ་གཏོགས། ལུ་གུ་ཚོ་ཐག་རིང་ཞིག་ལ་སོང་མི་འདུག་ཨང་ཟེར།ཨ་མས་ལུ་གུ་སྐར་མར་བཅོལ་བས་ད་གཟོད་བདེ་བླག་ངང་རྙེད་པ་ཡིན་ངེས་ཟེར། འོན་ཏེ། ཁོའི་སྣང་ངོར་ལུ་གུ་དག་ནི་ཁ་བས་བསྐྱལ་འོང་བ་སྟེ། ཏག་ཏག་ཁ་བ་འབབ་དུས་སུ་ལུ་གུའི་འབའ་སྒྲ་ཐོས་ཤིང་། ལུ་གུ་རྙེད་པར་གྱུར་བ་ནི་ཁ་བའི་དངོས་གྲུབ་རིགས་ཤིག་ཡིན་པར་སེམས།དུས་དེ་ནས་བཟུང་། ཁོས་ཁ་བར་མཉམ་འཇོག་བྱེད་མགོ་བརྩམས་ཤིང་། ཕྱིས་སུ་ཁོ་རང་ཁ་བ་ལ་བླ་ལྷག་གིས་དགའ་ཞིང་ཞེན་པར་གྱུར་བ་ཡང་དོན་འདི་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་འདྲ།

དེ་ལྟར་ཁོས་ཁ་བ་བབས་མེད་སའི་གྱང་གཤམ་དེར་གཅིན་པ་གཏོང་ཞོར་གང་ཞིག་ལ་ཕྱིར་དྲན་ཀྱི་ལྕགས་ཀྱུ་རིང་ནས་རིང་དུ་སྲིང་སྐབས། འབའ་ཞེས་པའི་ལུ་གུའི་སིང་སིང་གི་འབའ་སྒྲ་དེས་ཞོགས་པའི་གྲང་ཞིང་འཁྱགས་པའི་ཁ་དབུགས་བརྟོལ་ཏེ་མཆེད་བྱུང་ལ། ཁོས་དབང་མེད་དུ་ལུག་རའི་ཕྱོགས་སུ་ལྟ་ཙམ་བྱེད་དགོས་བྱུང་།

ཁོ་རང་ལུག་རའི་ནང་དུ་སླེབས་པ་ན། མ་མོ་མགོ་ནག་མ་ལུ་གུ་བཙས་མ་ཐག་ཡིན་ཞིང་། མ་མོས་འདར་ལྕུག་ལྕུག་ངང་ཡང་དང་བསྐྱར་དུ་ལུ་གུའི་ཐོག་གི་ཕྲུ་མ་ལ་ལྕེ་ལྡག་གིས་བྱི་དོར་བྱས་པས་ཅུང་ཙམ་ནས་ལུ་གུའི་སྤུ་མདོག་ཁ་བ་ལྟར་དཀར་པོར་མངོན་ཞིང་། ལུ་གུ་ནི་ར་བཟི་བ་ལྟར་གཡས་འཁྱོར་དང་གཡོན་འཁྱོར། འགྱེལ་ཞོར་དང་ལངས་ཞོར་བྱ་དུས། མ་མོས་བུ་གདུང་བྱེད་བཞིན་སྐབས་རེར་ལུ་གུའི་ཐོག་ལ་ལྡག་ཙམ་དང་། ལན་རེར་མཆུ་ཏོས་ལུ་གུར་རེག་ཙམ་རེག་ཙམ་བྱེད། དེ་ལྟར་མ་མོས་ལུ་གུར་ནུ་ཞོ་བླུད་དེ་ཨེན་ཙམ་ནས། ལུ་གུའི་གོམ་ཁ་སྲ་བརྟན་དུ་གྱུར། ཁོས་འདི་ལ་བལྟས་ཀྱིན་བལྟས་ཀྱིན་དྲོད་ལམ་ལམ་གྱི་ཅི་ཞིག་རྩ་ལམ་རེ་རེ་བརྒྱུད་ནས་ལུས་ཡོངས་སུ་འཁྱོམ་པ་ཚོར་ལ།མཐར་དྲོད་ཁོལ་དེ་གཅིག་ཏུ་དྲིལ་ནས་ཁོའི་མིག་མཐར་འཁྱིལ་བྱུང་། རེད་ཡ། དེ་རིང་ནི་རང་གི་མ་དྲིན་ཆེའི་དུས་དྲན་གྱི་ཉིན་མོ་ཡིན་ཞིང་། རང་ཉིད་ངེས་པར་དུ་བདེ་སྐྱིད་ཁུལ་ཐོག་ཏུ་གནས་པའི་སྨན་ལུང་དགོན་པར་མཆོད་མཇལ་ལ་འགྲོ་དགོས་པ་དྲན་མུར། ཡིད་སེམས་ཀྱི་ཟབ་སའམ་སྙི་ས་ཞིག་ནས་ངུ་སྙིང་ཞིག་ཀྱང་དབང་མེད་དུ་སྐྱེས་བྱུང་།

དཀར་བོང་བོང་དུ་སྣང་བའི་ཁ་བའི་གཞི་རུ། ལྷབ་ལྷུབ་ཏུ་འཕྱོ་བཞིན་པའི་ཁ་བའི་འདབ་མའི་ཀློང་ན། ནག་ཐིག་ཅིག་འགུལ་བཞིན་ཡོད་ཅིང་། དེ་དང་བསྡོངས་ནས་ལྡིར་སྒྲ་ཞིག་གིས་ཁ་བའི་འཇིག་རྟེན་འདི་ཉིད་སྟོང་འཇགས་གང་ཞིག་ལས་དཀྲོགས་པར་བྱེད། ནག་ཐིག་དེ་ལན་རེར་ས་རུ་འགྱེལ་འགྲོ་ཞིང་། དེའི་མུར་ལྡིར་སྒྲའང་ཡལ་བར་འགྱུར། ལྡིར་སྒྲ་དེ་གྲག་པའི་མོད་ལ།ནག་ཐིག་དེ་སླར་ཡང་འགུལ་བར་བྱེད། རིམ་གྱིས་ནག་ཐིག་དེ་ཇེ་ཆེ་ནས་ཇེ་ཆེ་དང་། ལྡིར་སྒྲའང་ཇེ་གསལ་ནས་ཇེ་གསལ་དུ་བུད་སོང་། མ་གཞིར་དེ་ནི་ལུས་ལ་སློག་པ་ཐོག་བབས་ཤིག་གྱོན་ཞིང་། རྐང་ལ་འཇུར་རྟ་ཡུ་རིང་ཞིག་གྱོན། མགོ་ན་སྐྲ་ལོ་རིང་བོ་སེད་སེར་འཕྱོ་བའི་འཕྲུལ་རྟར་བཅིབས་པ་ཞིག་སྟེ། སྨན་ལུང་དགོན་པར་མཆོད་མཇལ་དུ་འགྲོ་བཞིན་པའི་ཁོ་རེད།

མ་གཞིར་ཁ་བའི་གཞི་རུ་འཕྲུལ་རྟར་བཅིབས་ནས་འགྲོ་རྒྱུ་དེའང་བདེ་སྐྱིད་དང་ལོངས་སྤྱོད་རིགས་ཤིག་ཡིན་པ་འདྲ་སྟེ། ཁ་བའི་གཞི་རུ་འཕྲུལ་རྟར་ཞོན་ཏེ་རྣམ་ཀུན་ལྟར་སྣུམ་སྒོ་ཤུགས་ཀྱིས་གཅུ་བཞིན་དུད་ཞགས་སྔོན་པོ་ཞིག་མཁའ་རུ་གཏོར་ཏེ་བང་གིས་རྒྱུགས་ཚེ། འཕྲུལ་རྟ་ནི་གཡས་ཤུད་དང་གཡོན་ཤུད། ཐ་ན་ཐང་དུའང་ལྡོག་པར་བྱེད། དེ་བས་ཁོས་འཕྲུལ་རྟའི་སྣུམ་སྒོ་དལ་མོར་གཅུས་ཏེ་མདུན་དུ་སྐྱོད།

ཁོས་ལམ་ཐག་ངེས་ཅན་ཞིག་བརྒྱུད་དེ་དབོ་ཉག་ཁར་སླེབས་དུས་ཁ་བའི་འབབ་མཚམས་བཞག་འདུག་ལ། ཉི་མའི་ཞལ་རས་སྤྲིན་པའི་ཧྲག་བར་ནས་ག་ལེར་མངོན་བྱུང་། སེར་ལམ་ལམ་གྱི་ཉི་འོད་དེ་ཁ་བའི་གཞི་རུ་འཕྲོས་འོང་ཚེ། མིག་གིས་ལྟར་མི་བཟོད་པའི་འོད་ཀྲིག་ཀྲིག་གི་མཛེས་པ་ཞིག་ཆེམ་ཆེམ་མཆེད་པར་བྱེད་ལ། རྡོག་འོག་གི་ལུག་རྒྱུ་ལྟ་བུའི་ལམ་བུ་ཀྱ་མ་ཀྱུ་དེ་དེད་ནས་འདྲེན་བྱེད་ཀྱི་དམིགས་པ་རྒྱང་དུ་བསྲིངས་ཚེ། བདེ་སྐྱིད་ཁུལ་གྱི་ཕྱིའི་བཀོད་པ་མཐའ་དག་འདྲེན་བྱེད་ཀྱི་སྒོ་མོར་མངོན་འོང་སྟེ། བདེ་སྐྱིད་ཁུལ་ནི་གཤོང་ཁུག་ཆེན་པོ་ཞིག་ཏུ་ཆགས་ཡོད་ཅིང་། དེ་ནི་ལག་མཐིལ་གྱི་དཔེར་བླངས་ཚེ། ད་ལྟ་ཁོ་ཡོད་སའི་ཉག་ཁ་དེ་ནི་མཐེ་བོང་དང་གོང་མཛུབ་ཀྱི་བར་ཡིན་ཞིང་། ཁོས་མཐེ་བོང་དང་གོང་མཛུབ་ཀྱི་དཀྱིལ་ན། འགབ་ཀྱི་ལག་མཐིལ་དུ་བལྟས་ནས་ཡོད། ཁ་བ་འབབ་ཐེངས་ཤིག་གིས་རྣམ་ཀུན་སྐྱ་ཐེར་ཐེར་དུ་བྱེད་པའི་གྲོང་ཚོ་འདིའང་དཀར་བོང་བོང་ཞིག་ཏུ་བསྒྱུར་འདུག་ལ། གཅིག་རྗེས་གཅིག་གིས་བསྙེགས་གིན་མཁའ་རུ་ཟུག་ཡོད་པའི་ཁང་བརྩེགས་དག་གི་གྲུ་ཟུར་གང་རུང་ན། མི་ཚོགས་ནི་གྲོག་ཚང་གི་ཁ་ཕྱེ་བ་བཞིན་བརྡོལ་གྱིན་འདུག གཤོང་ཁུག་དེའི་ཅུང་མཐོ་བའི་ངོས་ཤིག་ཏུ། དབུ་རྩེའི་གསེར་ཏོག་དང་རི་དྭགས་ཕོ་མོ་ལས་གསེར་འོད་ལམ་ལམ་འཕྲོ་བའི་འདུ་ཁང་ཞིག་དང་། འདུ་ཁང་གི་མཐའ་སྐོར་དུ་གྲལ་འགྲིག་པོར་ཆགས་པའི་གྲྭ་ཤག ད་དུང་ཁེར་ཧྲེང་ཧྲེང་གིས་དབུ་རྩེ་མཁའ་རུ་སྙེགས་པའི་མཆོད་རྟེན་དཀར་པོ་ཞིག་བཅས་མཐོང་འོང་ལ། དེ་ནི་ཁོ་རང་མཆོད་འབུལ་དུ་འགྲོ་སའི་སྨན་ལུང་དགོན་པ་རེད།

ད་ནི་ཁོ་རང་དངོས་ནས་བདེ་སྐྱིིད་ཁུལ་ཐོག་ལ་སླེབས་བྱུང་། གྲོང་དུ་སྡོད་པའི་མི་འདི་དག་ཕལ་ཆེར་ཁ་བ་ལ་སུན་གྱིན་འདུག་པ་འདྲ་སྟེ། རྒན་དར་གཞོན་གསུམ་ཚང་མས་ལག་ཏུ་ཕྱགས་མ་དང་ལྕགས་ཁེམ།ལྕགས་གཞོང་ཐོགས་ཏེ།སྲང་ལམ་གྱི་ཁ་བ་ཕྱོགས་གཅིག་ཏུ་ཕོན་པོར་སྤུངས་ཤིང་། དེ་ནས་ལག་སྐྱོར་ཞིག་གི་ནང་དུ་དྲུད་དེ་སྐྱག་ཆུའི་ཟམ་ཁ་ནས་འགབ་ཀྱི་གྲོག་རོང་ནང་དུ་འཕོ་བཞིན་འདུག གད་སྙིགས་ཅི་རིགས་ཕྱུར་བུར་གཏིབས་ཤིང་། དམར་ཉོག་ཉོག་གིས་བཞུར་བཞིན་པའི་སྐྱག་ཆུའི་ནང་དུ་འཕོ་བཞིན་འདུག སྐྱག་ཆུར་འབོད་པའི་ཆུ་བོ་འདི་ནི་མ་གཞིར་ཆུ་བོ་གཙང་མོ་ཞིག་ཡིན། མ་མཐའ་ཡང་ལོ་འགའི་སྔོན་དུ་དེ་འདྲ་ཡིན། སྔོན་ཏག་ཏག་ལ་ཁོས་རྒྱང་ལྟ་བྱེད་ས་དེ་མཐེ་བོང་དང་གོང་མཛུབ་ཀྱི་བར་ཡིན་ན། ཆུ་མོ་འདིའི་འགོ་ཁུངས་ནི་གྲོང་ཚོ་ཆགས་སའི་གཤོང་ཁུག་ལག་མཐིལ་ལྟ་བུ་དེའི་དཀྱིལ་མཛུབ་དང་སྲིན་མཛུབ་བར་གྱི་མེ་ཏོག་ལུང་བ་ཞེས་པ་དེ་ཡིན་ཞིང་། ཆུ་མོ་འདིས་རང་གི་དྭངས་ཤིང་གཙང་བའི་བཞུར་རྒྱུན་གྱིས་མེ་ཏོག་ལུང་བའི་ནང་གི་སྐྱེ་འགྲོ་མཐའ་དག་ལ་ལྗང་མདོག་གི་དངོས་གྲུབ་སྩོལ་བཞིན། བདེ་སྐྱིད་ཁུལ་གྱི་སྲང་ལམ་གོང་མ་དང་ཞོལ་མའི་དཀྱིལ་གྱི་གྲོག་རོང་འདིར་བབས་པ་ནས།དམར་ཉོག་ཉོག་བྱེད་པའི་རྙོག་ཆུ་ཞིག་ཏུ་གྱུར་སོང་།

ཁོས་དྭངས་གཙང་གིས་བབས་ཡོང་བའི་ཁ་བ་དག་རང་བྱུང་ངང་ཞུ་རུ་མི་འཇུག་པར་ཕྱོགས་གཅིག་ཏུ་སྤུངས་ཏེ་སྐྱག་ཆུའི་ཁྲོད་འདེད་པར་བྱེད་པ་མཐོང་བ་ན། སྙིང་མགོར་གྲིས་གཙགས་གིན་པ་ལྟ་བུའི་ན་ཟུག་ཅིག་ཤ་རུས་ཀྱི་གཏིང་རིམ་ཞིག་ནས་འཕྱུར་བྱུང་།

ཐེངས་ཤིག་ལ། ཆུང་མས་གཞིས་ཀའི་ནང་དུ་བབས་པའི་ཁ་བའི་གཞི་རུ།མི་འགྲོ་སའི་ལམ་བུ་ཞིག་བཟོ་པར་ཁ་བ་དག་ཕྱགས་ཏེ་ཐལ་དོང་དུ་ཕོ་བར། ཁོས་དཀར་གཙང་གི་ཁ་བར་རྡོག་རྫིས་བཏང་སོང་ཞེས་མོར་གཤེ་གཤེའམ་ཁ་ཏ་ལྟ་བུ་ཞིག་བྱས་མྱོང་། དུས་དེ་ནས་བཟུང་། གཞིས་རའི་ནང་དུ་ཁ་བ་ཇི་འདྲའི་མཐུག་པོར་ཆགས་ཀྱང་། ཁོ་ཚང་གིས་དེ་ཕྱགས་ནས་གད་སྙིགས་བཞིན་འཕོ་སྲོལ་མེད།

དེར་ཁོས་རང་ཉིད་ད་ལྟ་ཡོད་སའི་སྲང་ཞོལ་མ་ནས་གཞུང་ལམ་མ་བརྒྱུད་པར་རྐང་ལམ་སྟེ།སྐྱག་ཆུའི་ཟམ་པ་བརྒལ་ཏེ་སྲང་གོང་མར་སོང་། དེ་ནས་སྨན་ལུང་དགོན་པར་ཆས་ན། ཀྱག་ཀྱོག་གི་ལམ་ཐག་ངེས་ཅན་ཞིག་བསྟུངས་པར་བྱེད་ཐུབ་པ་དྲན་མུར། འཕྲུལ་རྟ་ཤག་པོ་ཞིག་གི་སར་བཅོལ་ཏེ། སྐྱག་ཆུའི་ཟམ་པ་བརྒལ་ནས་སྲང་གོང་མར་ཆས་པའི་སྟ་གོན་དུ་ཞུགས།

སྐད་ཅིག་ཙམ་ལ་ཡང་སྡོད་པ་མེད་པའི་དུས་ཚོད་ཀྱི་མདའ་ཁབ་དེ་འཁོར་འཁོར་མཐར། ད་ནི་ཕྱི་དྲོར་སླེབས་འདུག་ལ། ནུབ་ཕྱོགས་ཀྱི་མཁའ་མཐའ་ནས་ནམ་མཁའི་ཁྱོན་ཡོངས་སུ་ལྡང་བཞིན་པའི་སྤྲིན་ཕུང་དེ་དག་གིས་ཡུན་གྱིས་འོད་སྣང་གི་ཟེར་མ་འགྱེད་བཞིན་པའི་ཁྲི་གདུགས་ཉི་མ་ཡང་ཨ་མས་ཕྲུ་གུ་རུམ་དུ་བཅུག་པ་བཞིན་མི་མཐོང་བར་བྱས་སོང་ལ། བསེར་བུ་ཡང་མོ་རེ་ཡང་རྒྱུ་བཞིན་མི་འདུག་པས་ཡོད་ཚད་ཅི་ཞིག་གི་ཁུད་དུ་གཅུད་ལོས་འགྲོ་སྙམ་པ་ཞིག་རེད།

སྐྱག་ཆུའི་ཟམ་པའི་སྟེང་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་ཆ་ལུགས་རྣམ་པ་སྣ་ཚོགས་ཅན་གྱི་མི་དེ་དག་ལས་འགའ་རེས་ནམ་མཁར་ལྟ་བཞིན“ཡང་ཁ་བ་དབབ་རྒྱུ་རེད། ཅི་འདྲའི་སུན་པ་ལ་ཨང”ཟེར་བཞིན་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་གང་ཞིག་ལ་ཡལ་བར་བྱེད། ཟམ་པའི་གཞོགས་གཉིས་སུ་ཐང་འཚོང་མང་པོས་རང་གི་ཚོང་རྫས་ཐང་དུ་ཇི་དགར་བཤམས་ཏེ་ཚོང་རྫས་བཟང་ལུགས་ཀྱི་འབོད་པ་སྐད་རིགས་སྦྲགས་མའི་ལམ་ནས་བར་མེད་དུ་སྒྲོག མི་འགའ་རེས་མིག་ཟུང་རིག་རིག་གིས་ཐང་འཚོང་དེ་ཚོའི་ཚོང་རྫས་ལ་ལྟ་བཞིན་འདུག “ཨ”བུད་མེད་ཅིག་གི་གློ་བུར་བའི་ཨག་སྐད་དེ་དང་ལྷན་དུ་ཟམ་པའི་སྟེང་གི་མི་ཡོངས་འུར་སེར་བུད་སོང་ལ། ཁོས་ཀྱང་དེར་ལྟ་དུས་སྐྲ་ལོ་རྩྭ་ལྡུམ་ལྟར་འཛིང་འཛིང་དུ་སྐྱེས་ཤིང་། ཚིལ་དྲེག་གིས་ཟིན་པའི་ལྭ་བའི་གོང་ཁ་དང་འདབ་ཁ་རལ་ཞིང་རྙིང་བ། ལྷམ་ཡང་ཧྲལ་ནས་མཐེ་བོང་ཕྱི་རུ་མངོན་པ། གདོང་ཡོངས་རྡོ་སོལ་ལམ་ཅི་ཞིག་གིས་ནག་པོར་བསྒྱུར་བའི་སྤྲང་བོ་ཞིག་སྐྱེས་མ་ཞིག་གི་སྒྱིད་པར་འཐམ་འདུག་ཅིང་། སྐྱེས་མས་སྡིགས་སྐད་དང་ངུ་སྐད་མཉམ་དུ་འདོན་བཞིན་ཇི་ལྟར་འཆོར་ཐབས་བྱས་ཀྱང་། དེས“སྒོར་མོ་སྒོར་མོ”ཟེར་བཞིན་མོའི་སྒྱིད་པར་དམ་པོར་འཐམ་འདུག་པས་བྱ་ཐབས་མ་བྱུང་། དེར་མོའི་གམ་གྱི་གཟུགས་རིང་ཞིང་། སྐྲ་ལོའི་ཐོག་ཏུ་འོད་འཕྲོ་བ། གྱོན་པ་ཆ་མ་ཆོ་རིགས་གྱོན་པའི་སྐྱེས་པ་དེས“ཁྱོད་འཆི་ན་འདོད་དམ”ཟེར་བཞིན་སྤྲང་པོའི་གསུས་ཁག་ཏུ་བསྟུད་མར་རྡོག་ཐོ་འགའ་གཞུས་པར་སྤྲང་པོའི་ངག་ལས་སྐད་ངན་ཞིག་ཤོར་བ་དང་། སྐྱེས་མའི་སྒྱིད་པ་དམ་པོར་བཟུང་བའི་ལག་པ་གཉིས་ཤུགས་མེད་པ་ལྟར་རང་ཡན་དུ་བུད་སོང་ལ། ཁ་ནས་ཆུ་ཞིག་བཞུར་བཞིན་ཐང་དུ་འགྱེད་སོང་། སྐྱེས་མས་རང་ཉིད་སྤྲང་བོའི་ལག་ནས་ཤོར་མུར། ཅི་ཞིག་གཅིར་འདོད་པའི་ཧམ་སེམས་ཀྱིས་སྤྲང་པོའི་འགྲམ་པའི་ཐོག་ཏུ་རྐང་བ་བཞག་སྟེ་ཅུར་ཅུར་བྱས་བྱུང་ལ། མཐའ་འཁོར་གྱི་མི་ཚང་མས་ཕན་ཚུན་ལ་ཤབ་ཤུབ་ཀྱིས་ཅི་ཞིག་སྨྲ་བཞིན་ཅི་མི་སྙམ་པར་བལྟས་འདུག ཁོའི་སྣང་ངོར་མོས་སྤྲང་བོ་དེར་རྡོག་པས་བརྫི་བཞིན་པ་ནི་ཁ་བའི་སྟེང་དུ་ནག་ནོག་གི་དྲི་མ་ཞིག་སྒོ་བཞིན་པའི་ཉམས་སྣང་བྱུང་ལ། སེམས་པའི་གཏིང་རིམ་ཞིག་ནས་ན་ཟུག་བཟོད་གླགས་མེད་པ་ཞིག་བྱུང་མུར།ལྡོག་ཏུ་མེད་པའི་སྟོབས་ཤུགས་ཤིག་གིས་བསྐུལ་ནས་ཁོ་རང་སོང་ནས་བར་འབྱེད་དགོས་བྱུང་།

དུས་དེར་ཁ་བའི་འདབ་མ་དག་ནི་ཅི་ཞིག་གི་ཁུད་དུ་གཅུད་ལོས་འགྲོ་སྙམ་པའི་ཁ་དབུགས་སྟུག་པོ་དེ་བརྒྱུད་ནས་ཚམ་ཚོམ་ཅི་ཡང་མེད་པར་བདེ་སྐྱིད་ཁུལ་གྱི་གྲུ་ཟུར་སོ་སོར་འཕྱོ་བྱུང་།

ཁོ་ཕར་བརྒྱུགས་ནས་སྐྱེས་མ་དེར་འཕུད་རྒྱག་ཅིག་བྱས་མུར། སྐྱེས་མ་དེ་རྒྱབ་ཕྱོགས་སུ་གོམ་པ་འགའ་འཁྱོར་རྗེས་ཐང་དུ་འཕོང་རྡབ་གྱིས་འགྱེད་སོང་ལ།ཁོས་མྱུར་བར་སྤྲང་བོ་དེ་ཡར་སྐྱོར་ཞིང་། “ཨ་རོགས་།ཨ་རོགས”ཞེས་བོས།

སྐྱེས་པ་དེས“ ཁྱི་སྐྱག ཁྱི་སྐྱག”ཅེས་སྡིགས་དམོད་བར་མེད་དུ་གཏོང་བཞིན་ཁུ་ཚུར་ཕྱར་ཏེ་ཁོའི་སྟེང་དུ་རྒྱུགས་བྱུང་། ཁོས་མཉམ་བཞག་དུས་སྐྱེས་པ་དེས་རང་གི་འགྲམ་པར་ཁུ་ཚུར་གྱིས་གཅིག་གཞུས་བྱུང་མུར། མིག་ལམ་དུ་མེ་སྟག་ཅིག་འཚུབ་ཅིང་། ཁ་ནང་དུ་ཁྲག་དྲི་ཞིག་མཆེད་བྱུང་། ད་དུང་ན་ཟུག་གི་རྒྱུན་དྲག་པོ་ཞིག་ཀླད་པའི་སྤྱི་གཙུག་བར་དུ་མཆེད་སོང་།

དེར་ཁོས་ཀྱང་ཨམ་གཙིགས་དམ་བསྡམས་བྱས་ཏེ་རྒོལ་ལན་སློག་བསམ་དུས། ཡིད་ཀྱི་བརྙན་ཡོལ་ངོས་སུ་ཅི་ཞིག་གསལ་གྱི་ལེར་ཤར་བས་སྔོན་ཏག་ཏག་ལ་རྡོ་ལྟར་འཆང་ཡོད་པའི་ཁུ་ཚུར་ཡང་ལྷོད་པར་གྱུར་སོང་། སྐྱེས་པ་དེས་ཁོས་མྱུར་བར་རྒོལ་ལན་སྤྲད་མ་བྱུང་བའི་གླགས་དང་བསྟུན་དེ་ལག་པ་གཉིས་ཀས་ཁོའི་སྐྲ་ལོ་རིང་བོ་ནས་བཟུང་སྟེ་མགོ་བོ་མར་མནན་ཞིང་།རང་གི་པུས་མོ་གཡོན་པ་ཡར་བཏེགས་ཏེ་ཁོའི་ཁ་དང་མིག སྣ། ཐོད་པ་གང་རུང་ལ་རྡེག་པར་བྱེད། མཐའ་སྐོར་གྱི་མི་དག་གིས་དེ་རིང་ཡང་འདི་འདྲའི་ལྟད་མོ་མཚར་པོ་ཞིག་མཐོང་རྒྱུ་བྱུང་བར་ཧ་ཅང་ཡིད་ཚིམས་པའི་ངང་མིག་རིག་རིག་གིས་ལྟ་བཞིན་ཁོ་ཚོའི་སྐྲ་ལོའི་གསེང་དང་ལྭ་བའི་གོང་ཁ། རྒྱབ་གཞུང་བཅས་སུ་ཁ་བ་དཀར་ལམ་མེར་བབས་དང་འབབ་ཀྱིན་པར་ཡང་མཉམ་བཞག་མེད་པ་འདྲ།

སྐབས་དེར། སྤྱི་བདེ་མི་སྣའི་རླངས་འཁོར་གྱི་ཉེན་བརྡ་རྣར་གཟན་པ་ཞིག་སྐྱག་ཆུའི་ཟམ་པའི་ཕར་ངོགས་ཤིག་ནས་ལྷབ་ལྷུབ་འབབ་ཀྱིན་པའི་ཁ་བའི་འབབ་རྒྱུན་དབུས་ནས་ཏིང་ཏི་རེར་མཆེད་འོང་བས། དེར་འདུས་ཚོའི་སེམས་པ་ནི་སྐུད་པ་རྐྱ་མ་ཞིག་ཡིན་ཚེ། སྔོན་ཏག་ཏག་ལ་ལྷོད་ཀྱི་ལེར་ཡོད་པ་ལ་དེ་མུར་སུ་ཞིག་གིས་འཐེན་པ་ལྟར་ཇེ་དམ་ནས་ཇེ་གྲིམ་དུ་གྱུར་སོང་ལ། སྤྱི་བདེ་མི་སྣ་དག་རླངས་འཁོར་ལས་བབས་ཏེ་སྐྱག་ཆུའི་ཟམ་པ་གཟས་ནས་སླེབས་འོང་བར་མི་དག་གིས་རང་འགུལ་གྱིས་ལམ་ཕྱེས་བྱུང་ལ། སྐྱེས་པ་དེས་སྐྱེས་མའི་ལག་པ་ནས་བཟུང་སྟེ། མི་ཚོགས་ཀྱི་གསེང་བརྒྱུད་ནས་འབྲོ་བར་བརྩམས་བྱུང་།

ཁོང་གཉིས་ཀྱིས་མི་ཚོགས་ཀྱི་གསེང་བརྒྱུད་ནས་བྲོས་ཏེ་ཟམ་སྣེར་ཐོན་དུས། སྤྱི་བདེ་མི་སྣ་གསར་བུ་ཞིག་གིས་སྔ་མོ་ནས་དེ་གར་སྒུག་འདུག དེར་སྤྱི་བདེ་མི་སྣས་སྐྱེས་པ་དང་སྐྱེས་མ་དེ་གཉིས་ཁྲིད་ནས་ཁོའི་གམ་དུ་སོང་བ་ན། ཁ་ཁྲག་གམ་སྣ་ཁྲག་གང་རུང་ཞིག་གིས་ཁོའི་གདོང་ཡོངས་དང་། སློག་པའི་གོང་ཁ་དང་ཐུ་བའི་ཐོག ད་དུང་ཉེ་འཁོར་གྱི་ཁ་བ་ཡོངས་དམར་ཙར་ཙར་དུ་བསྒྱུར་འདུག་ལ། སྤྲང་བོ་ནི་ད་དུང་འཐམ་འཐོམ་གྱིས་ཐང་དུ་འགྱེལ་འདུག དེ་ནས་སྤྲང་བོ་མྱུར་སྐྱོབ་རླངས་འཁོར་ཞིག་ཏུ་བཞག་སྟེ། སྨན་ཁང་དུ་བསྐྱལ་ཞིང་། ཁོ་ཚོ་ཁྲིད་ནས་སྤྱི་བདེ་ཅུས་སུ་ལོག་བྱུང་།

ཁོས་རང་གི་འགྲམ་དུ་ཡོད་པའི་རླངས་འཁོར་གྱི་དྲ་མ་ལས་ཕྱི་རུ་ལྟ་བཞིན་སོང་བ་ན། ཉམས་སྣང་ཞིག་ལ་མ་གཞིར་རླངས་འཁོར་མདུན་དུ་སྐྱོད་བཞིན་པ་མིན་པར་ལམ་འགྲམ་གྱི་ཁ་བའི་འདབ་མ་དང་ཁང་བརྩེགས་དེ་དག་རང་ཅག་གི་རྒྱབ་ལོགས་སུ་འགྲོ་བཞིན་འདུག་སྙམ། ཁོ་ཚོས་སྲང་ལམ་ཀྱག་ཀྱོག་མང་པོ་ཞིག་བརྒྱུད་མཐར་སྲང་གོང་མར་ཐོན་བྱུང་ལ། མེ་ཏོག་ལྡུམ་རའི་འགྲམ་གྱི་ཁང་བརྩེགས་ལྗིད་པོ་ཞིག་གི་གམ་ནས་ཏན་སེར་བསྡད་བྱུང་། ཉེ་སྔོན་ད་དུང་སྐྱ་ཐལ་ལེར་བྱེད་པའི་དེར་ཡོད་ཀྱི་དཔྱིད་འགོ་མའི་ལྗོན་ཤིང་དང་རྩི་ཤིང་དེ་དག་གི་སྟེང་དུ་ཁ་བ་བབས་པས་ད་ནི་དངུལ་དཀར་གྱི་མདངས་ཤིག་དཀར་གཙང་གཙང་གིས་འཕྲོ་བཞིན་འདུག

སྤྱི་བདེ་མི་སྣས་ཁོ་ཚོ་ཐོག་བརྩེགས་དང་པོའི་ཁང་མིག་ཅིག་ཏུ་ཁྲིད་ཅིང་། ཁང་མིག་དེའི་སྒེའུ་ཁུང་གི་དྲ་ཡོལ་འཐེན་ཡོད་པས་ནང་དུ་དཀར་གསལ་དེ་འདྲ་མི་འདུག གློག་བཀར་བ་ན། ཁང་བའི་ནང་ཡོངས་གསལ་གྱི་ལེར་སོང་ཞིང་། ཁོ་ཚོ་སྒེའུ་ཁུང་གི་འགྲམ་དུ་ཡོད་པའི་འབོལ་ཁྲི་སྣ་རིང་དེའི་སྟེང་སྡོད་དུ་བཅུག གདོང་ཡོངས་སྨྲ་རས་ཁེངས་ཤིང་། མིག་ཤེལ་དཀར་པོ་གྱོན་པའི་སྤྱི་བདེ་མི་སྣ་གཟུགས་རིང་ཞིང་ལུས་པོ་སྐམ་རིད་དུ་གྱུར་བ་ཞིག་དང་གཞོན་ནུ་མ་ཞིག་ཡོང་ནས་འབོལ་ཁྲིའི་ཁ་གཏད་ཀྱི་ཅོག་ཙེ་དེའི་འགྲམ་ནས་ཙོག་བྱུང་། གཞོན་ནུ་མའི་ལག་ཏུ་ཤོག་བུ་དང་སྨྱུ་གུ་བཟུང་སྟེ་ཅི་ཞིག་ཟིན་བྲིས་སུ་དགོད་རྩིས་འདུག་ལ། རྒྱབ་ཀྱི་གྱང་གཤམ་དུ་དར་ཆ་དམར་པོ་ཞིག་བསླངས་ཤིང་། གཡས་ཀྱི་རྩིག་ངོས་སུ་བརྙན་ཡོལ་ཆེན་མོ་ཞིག་དཔྱངས་འདུག

དེ་ནས་འདྲི་གཅོད་ཀྱི་འགོ་བརྩམས་བྱུང་། “སྤྲང་བོ་འདིས་ངའི་ཆུང་མའི་ལག་གི་སྒོར་མོ་འཕྲོག་པས་ངས་ད་གཟོད་ཁོར་སློབ་གསོ་རེ་གཏོང་འདོད་པ་ཡིན།”གསར་བུས་དེ་ལྟར་བསྙད་བྱུང་བར་སྐྱེས་མས་ཀྱང་བདེན་པའི་རྟིང་གནོན་དུ་འབོལ་ཁྲི་ལས་ཏོག་སེར་ཡར་ལངས་ཤིང་། མིག་ཟུང་ཆེ་རུ་བགྲད་ཅིང་སྐད་འདྲག་དང་བཅས་“ཁྱོད་ཚོས་རྐུན་ཇག་འདི་དག་ལ་འདྲི་གཅོད་མི་བྱེད་པར། ང་ཚོ་མི་བཟང་དག་ལ་འདྲི་གཅོད་ཅི་བྱེད”ཟེར་བཞིན་སྤྱི་བདེ་མི་སྣར་སྡིག་དམོད་བྱས་བྱུང་བར།སྐྱེས་པས་མྱུར་བར་མོར་མིག་བརྡ་འགའ་འཕངས་བྱུང་། དེ་ནས་མོས་ཀྱང་ཅི་ཞིག་དྲན་བྱུང་བ་ལྟར་ལྷོད་ལ་བབས་ཤིང་། “ རང་གི་སྙིང་ཁམས་དེ་འདྲ་མི་བཟང་བས་ཧོལ་རྒྱུག་བྱས་དྲགས་སོང་། ཁྱེད་ཅག་གིས་སེམས་ལ་མི་འཛིན་རོགས”ཟེར་བཞིན་སྤྱི་བདེ་མི་སྣ་དག་ལ་ཕྱོགས་ཏེ་མདུན་སོ་གཉིས་ཀ་ཕྱིར་མངོན་གྱིན་འཛུམ་རེ་སྟོན་པར་བྱེད།

“ངས་སྤྲང་བོ་འདིར་སློབ་གསོ་གཏོང་དུས་ཁོ་ག་ཤེད་ཅིག་ནས་རྒྱུགས་འོང་ཏེ་ངའི་ཆུང་མར་འཕུད་རྒྱག་ཅིག་བྱས་བྱུང་།” ཧ་ཅང་སེམས་ཁུར་བྱེད་པའི་མིག་མདངས་ཤིག་གིས་མོའི་མགོ་ནས་ལུས་ཡོངས་ལ་ཐེངས་ཤིག་ལྟ་ཞོར“ཁྱོད་ལ་རྨས་སྐྱོན་རེ་བཟོས་མེད་ཨང་།”ཞེས་དྲིས་བྱུང་། “ངའི་ཁོག་པར་ན་ཟུག་ཅིག་བར་མེད་དུ་སྐྱེས་བཞིན་འདུག འོན་ཀྱང་།སྐྱོན་མི་འདུག ཨ་ཁུ་སྤྱི་བདེ་མི་སྣ་ལགས། ངེད་བཟའ་ཟླ་གཉིས་ལ་དོན་དག་གལ་ཆེན་ཞིག་ཡོད་པས་མྱུར་བར་འགྲོ་རུ་ཆུགས་ཤིག དེ་རིང་ནས་བཟུང་འུ་ཅག་ངོ་ཤེས་སུ་གྱུར་བས་རྗེས་མར་ཁྱེད་ལ་ཟས་མགྲོན་བྱེད།”ཟེར་བཞིན་ཡར་ལངས་བྱུང་བར།

“མར་བཙོག”གཞོན་ནུ་མས་ཟིན་བྲིས་འགོད་བཞིན་དེ་ལྟར་བཤད།

སྤྱི་བདེ་མི་སྣ་གཟུགས་ཞིང་ལུས་པོ་སྐམ་རིད་ཅན་དེས་གོང་མཛུབ་སྐྱེས་པའི་ཕྱོགས་སུ་འཛུགས་ཙམ་གྱིས་ “ཁྱོད་ཀྱིས་མུ་མཐུད་དུ་ཤོད”ཟེར།

“དེར་མཐུད་མོའི་གསུས་ཁུག་ཏུ་ཁུ་ཚུར་གྱིས་རྡེག་བྱུང་བས་ང་མྱུར་བར་སོང་ནས་བར་བཤོལ་བྱས་ཤིང་། ངེད་གཉིས་ཀྱིས་ཀྱང་འཇུ་རེས་གཡུགས་རེས་རེ་བྱས་པས་ཁོར་སྣ་ཁྲག་བརྡོལ་བྱུང་། མ་གཞིར་སྤྲང་བོ་གན་དང་ཁོ་གཉིས་སྐོར་ཁག་གཅིག་གི་ཡིན་འདུག་ཅིང་།ཁོས་སྒོར་མོ་བརྐུས་ནས་ངེད་ཀྱིས་བཟུང་ཡོད་པ་མཐོང་ནས་ཁོ་སྐྱོབ་ཏུ་འོང་བ་ཁོ་ཐག་རེད། འཁྱམ་པ་འདི་དག་ལ་ཆད་པ་ནན་མོ་གཅད་རོགས།”

ཁོས་ནི་སྐད་ཆ་མང་པོ་མི་བཤད་པར“དེ་འདྲ་མིན། དེ་འདྲ་མིན”ཟེར་བར་བྱེད།

སྐྱེས་མ་དེས་ “དེ་འདྲ་མིན་ན།ཁྱོད་ཀྱི་ཨ་མའི་རོ་ཨེ་རེད། ”ཟེར་བཞིན་ཁ་བསྙེར་བསྙེར་དང་སྣ་བརྫེ་བརྫེ་བྱེད།

སྐབས་དེར། སྤྱི་བདེ་མི་སྣ་གསར་བུ་ཞིག་གིས་སྒོ་དལ་མོར་རྡུང་ཙམ་བྱས་རྗེས་ནང་དུ་སླེབས་བྱུང་ལ། ལག་གི་ཤོག་བྱང་སྤྱི་བདེ་མི་སྣ་གཟུགས་རིང་དེར་སྤྲད་འཕྲལ་ཕྱིར་བུད་སོང་།

སྤྱི་བདེ་མི་སྣ་དེས་ནག་ཅིང་སྣུམ་པའི་ཐོད་པར་མདུད་པ་ཞིག་བརྒྱབ་སྟེ། གཟབ་ནན་གྱིས་ཤོག་བྱང་དེར་ཐེངས་འགར་བལྟས་རྗེས།

ཤོག་བྱང་བཟའ་ཟླ་དེ་གཉིས་ཀྱི་མདུན་དུ་གཡུགས་བྱུང་བར་ཁོང་གཉིས་ཀྱིས་མཚར་སྣང་གིས་ལྟ་དུས་ཤོག་བུ་དཀར་པོའི་ཐོག་ཏུ་འབྲུ་དག་པའི་ཡི་གེ་འགའ་འདི་ལྟར་བྲིས་འདུག “སྤྲང་བོ་དེ་ནི་མ་གཞི་ནས་དབང་ཤེས་ལ་སྐྱོན་ཞུགས་ཡོད་པ་ཞིག་ཡིན་ཞིང་། སྔོན་ཏག་ཏག་གི་གཅར་རྡུང་ཁྲོད་ ཁོའི་རྩིབས་རུས་གཉིས་བཅག་འདུག ཁོར་རྨས་སྐྱོན་བཟོ་མཁན་སུ་ཡིན་པ་དེས་མྱུར་བར་སྨན་ཡོན་གྲ་སྒྲིག་བྱོས།” སྨན་ཁང་གི་མིང་དང་ལོ་ཟླ་ཚེས་གྲངས་བཅས་ཀྱི་སྟེང་དུ་སྨན་ཁང་དེ་གའི་ཐམ་ཀ་དམར་པོའི་ཞབས་རྗེས་ཀྱང་དཔར་འདུག

དེ་འཕྲལ་བཟའ་ཟླ་དེ་གཉིས་ཀས་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས་ཤིང་། སྐྱེས་པས་ཁ་མ་གྲག་གོང་སྐྱེས་མས་“འདི་ཅི་ཞིག་གི་དོན་ཡིན། སྤྲང་བོ་དེའི་དབང་ཤེས་ལ་སྐྱོན་ཡོད་ན་ཅི་རེད། ཁོའི་རྩིབས་མ་བཅག་ཡོད་ན་ཅི་རེད། ངེད་གཉིས་ཀྱིས་འགན་ཁུར……”སྐྱེས་པས་མོའི་བཤད་མཚམས་བཅད་དེ“ངས་ཁོ་ལ་སློབ་གསོ་བཏང་བ་ཡིན་ཞེས་སྔ་མོ་ནས་ཁྱོད་ལ་བཤད་ཡོད། ངས་ཁོར་རྩིབས་མ་ཡང་གཅོག་པའི་གཅར་རྡུང་དེ་འདྲ་ཞིག་བྱས་ཡོད་ཚེ། དེར་ད་དུང་སློབ་གསོ་བཏང་བ་ཡིན་ཞེས……”ཡང་ཁོས་བཤད་མ་ཚར་གོང་སྐྱེས་མས་ཚིག་མཚམས་བཅད་བྱུང་། “ སྤྲང་བོ་ཁོ་གཉིས་སྐོར་ཁག་གཅིག་གི་ཡིན་པ་མིན་ནམ། ཡོད་ཚད་ཁོས་རྟོགས་ཡོད་ངེས། འདི་དག་གིས་བསམ་གཟས་ནས་མི་དཀར་ལ་ཞྭ་ནག་སྐོན་འདོད་པ་རེད་ཡ། ” ཟེར་བཞིན་ལག་པའི་ཕུ་དུང་ཡར་ལ་བརྫེ་བཞིན་ཁོའི་སྟེང་དུ་རྒྱུགས་ནས་ཐོང་གར་འཇུས་བྱུང་བར། ཁོས་ཅི་སྙམ་པར་ཕ་རོལ་བར་རང་གི་ཐོང་ག་ནས་བཟུང་སྟེ་སྤྲུགས་སྤྲུགས་བྱེད་དུ་འཇུག དེར་སྤྱི་བདེ་མི་སྣས་བར་བྱོལ་བྱས་པས་མོ་ཡང་རང་སར་བསྡད། ཕོ་བ་སྐྱོར་ཏེ་ན་ཟུག་བཟོད་ཐུབ་མེད་པའི་ཨུ་ཤུ་འདོན་པར་བྱེད།

སྤྱི་བདེ་མི་སྣས་གདོང་གི་ཤེལ་མིག་ཕུད་ནས་ལག་ཕྱིས་ཤིག་གིས་འབྱིད་བཞིན“ཁྱོད་ཚོས་བཤད་པ་བདེན་གཏམ་ཤ་སྟག་ཡིན་ནམ”ཞེས་དྲིས།

བཟའ་ཟླ་དེ་གཉིས་ཀྱིས་མ་བགྲོས་གཅིག་མཐུན་གྱིས་“ལོས་ཡིན།ལོས་ཡིན”ཟེར།

ཁོས་ཀྱང་“ངས་བཤད་པ་ཚང་མ་བདེན་པ་ཡིན”ཞེས་བཤད།

“གལ་ཏེ་བདེན་པ་མིན་ཚེ་ཅི་བྱའམ”སྤྱི་བདེ་མི་སྣས་དྲིས།

བཟའ་ཟླ་གཉིས་ཀས་མནའ་སྐྱལ་བཞིན་“དེ་འདྲ་མིན་ཚེ། སྤྲང་བོ་དེའི་སྨན་ཡོན་མཐའ་དག་ངེད་གཉིས་ཀྱིས་སྟེར”ཟེར།

སྤྱི་བདེ་མི་སྣས་ཧབ་དགོད་བྱེད་བཞིན་ལག་པས་ཐལ་མོ་འགའ་བརྡབ་བྱུང་བར་གཞོན་ནུ་མ་སོང་ནས་བརྙན་ཡོལ་ཆེན་མོ་དེ་ལས་ཅི་ཞིག་སྟོན་རྩིས་བྱས་བྱུང་བར། སྐྱེས་པས“བརྙན་འཕྲིན་ལ་ལྟ་བའི་སེམས་ཤིག་གང་ན་ཡོད། ངས་མྱུར་བར་ཆུང་མ་སྨན་ཁང་དུ་སྐྱེལ་དགོས། འཁྱམ་པ་འདི་དག་ལ་ཆད་པ་ནན་མོ་ཞིག་གཅད་རྒྱུ་མ་བརྗེད”་ཟེར་བཞིན་ཆུང་མ་བསྐྱོར་ཏེ་འགྲོ་རྩིས་བྱས་བྱུང་བར་བརྙན་ཡོལ་ཆེན་མོ་ལས་མཆེད་པའི་གཟུགས་དང་སྒྲ་དེ་ཡིས་ཁོ་གཉིས་ཀ་ཏན་སེར་བཀག་བྱུང་།

བརྙན་ཡོལ་དེ་ལས་སྔོན་ཏག་ཏག་ལ་སྐྱག་ཆུའི་ཟམ་ཁ་ནས་འཁྲབ་པའི་ཁོ་ཚོའི་གློག་བརྙན་དེའི་ཟུར་ཙམ་ཡང་མ་ཉམས་མ་ཆག་པར་བསྟན་བྱུང་། སྤྱི་བདེ་མི་སྣས་བཟའ་ཟླ་དེ་གཉིས་ཀས་སྤྲང་བོ་དང་ཁོར་གཅར་རྡུང་བྱེད་བཞིན་པའི་བརྙན་དེར་མཛུབ་མོས་སྟོན་བཞིན་“སྤྲང་བོ་གན་ལ་སྲོག་ཉེན་འདྲ་མ་བྱུང་བ་ཁྱེད་གཉིས་ཀ་ལས་དྲང་འདུག”ཟེར་བཞིན་ཁོར་ཕྱོགས་ནས་“ཁྱོད་ལ་སྐྱོན་འདྲ་མེད་དམ།”ཞེས་དྲིས། ཁོས་རང་ལ་སྐྱོན་ཅི་ཡང་མེད་ཚུལ་བཤད།

སྐྱེས་མས“བརྙན་འདི་རྫུན་མ་ཞིག་རེད། འདི་འདྲ་ཞིག་གང་ནས་ཁྱེར་འོང་བ་ཡིན”ཞེས་འདྲི་བཞིན་རྐང་བ་གཉིས་ཀས་ས་ལ་རྡེབ་པར་བྱེད།

སྤྱི་བདེ་མི་སྣ་གཞོན་ནུ་མ་དེས“་སྐྱག་ཆུའི་ཟམ་ཁར་བཙུགས་ཡོད་པའི་སོ་ལྟ་འཕྲུལ་ཆས་སུ་ཤར་བའི་བརྙན་རེད། ད་ཡང་རྫུན་ཅི་ཞིག་བསྒྲིག་རྩིས་ཡོད”ཟེར་བཞིན་གད་མོ་བགད་བྱུང་།

བརྙན་དེ་བསྐྱར་གཏོང་བྱས་བྱུང་། མོས་རང་གི་ཁྱོ་གས་སྤྲང་བོའི་ལུས་སྟེང་གང་རུང་ལ་རྡོག་ཐོས་གཞུ་བཞིན་པའི་བརྙན་དེ་མཐོང་མུར། ཁྱོ་གའི་སྟེང་དུ་ཤོར་བཞིན་“ཁྱོད་ཀྱིས་དེ་འདྲའི་ཤུགས་བཀོལ་ནས་ཅི་བྱེད། གླེན་པ།”ཟེར་བཞིན་སྡིག་དམོད་བཏང་། ཁྱོ་གས་ཀྱང་“ངས་ཁྱོད་སྐྱོབ་ཆེད་དེ་ལྟར་བྱས་པ་མིན་ནམ།”ཟེར་བཞིན་ཕྱིར་ཁ་ལན་སློག་བྱུང་བར་སྤྱི་བདེ་ཅུའུའི་ཁང་མིག་དེ་སྐྱག་ཚང་ནང་དུ་རྡོས་བརྒྱབ་པ་ལྟ་བུ་ཞིག་ཏུ་གྱུར་སོང་།

སྤྱི་བདེ་མི་སྣ་གཟུགས་རིང་དེས་ཁོ་རང་ཁྲིད་དེ་སྒོའི་ཕྱིར་བུད་པ་ན།མུན་སྔ་མོ་ནས་རུབ་འདུག་ཅིང་། བྱེའུ་སྒྲོ་ལེབ་མོ་ལྟ་བུའི་ཁ་བའི་འདབ་མ་དེ་དག་སྔར་ལས་ཀྱང་ཨ་སྔོན་གྱི་མཐོ་ས་ཞིག་ནས་ལྷབ་ལྷུབ་གྱིས་འབབ་བཞིན་འདུག་ཅིང་། སྲང་ལམ་ཀུན་དཀར་བོང་བོང་དུ་བསྒྱུར་འདུག

སྤྱི་བདེ་མི་སྣས་ཁོའི་ཕྲག་པར་ཡང་མོས་རྡེབ་བཞིན་“ཁྱོད་ཀྱིས་ཅིའི་ཕྱིར་ཁོར་རྒོལ་ལན་མ་སྤྲད་པ་ཡིན།”ཞེས་དྲིས།

ཁོས་སྤྱི་བདེ་མི་སྣའི་གདོང་ལ་བལྟས་ཏེ་འཛུམ་པར་བྱེད་པ་ལས་ཅི་ཡང་བཤད་མ་བྱུང་།

“ཁྱོད་ཀྱིས་བཤད་མི་འདོད་ན་ངས་ཀྱང་ནན་གྱིས་མི་འདྲི། གང་ལྟར་ཁྱོད་ཁ་བ་ལྟ་བུའི་མི་ཞིག་རེད”ཟེར་བཞིན་ལག་པ་ཕར་ཁ་བའི་འབབ་རྒྱུན་ཀྱི་ཁྲོད་དུ་བསྲིངས་ནས་སྤར་ཁ་ཕྱེས་པ་ན། ལག་མཐིལ་དུ་ཁ་བའི་འདབ་མ་འགའ་ཁུ་སིམ་མེར་བབས་བྱུང་།

ཁོས་སྤྱི་བདེ་མི་སྣ་དེ་དང་གྱེས་ཕྱག་ཕུལ་ཏེ་ཨེན་ཙམ་ལ་སོང་ནས་ཆུ་ཚོད་ལ་ལྟ་དུས་མཚན་མོའི་ཆུ་ཚོད་བཅུ་གཅིག་པར་སླེབས་འདུག་ཅིང་། ད་ཆུ་ཚོད་གཅིག་གིས་འཕྱི་ཚེ་རང་གི་ཨ་མའི་དུས་དྲན་གྱི་ཉིན་མོར་སྨན་ལུང་དགོན་ནས་མཆོད་པ་ཙམ་ཡང་དབུལ་ཐུབ་རྒྱུ་མ་རེད་སྙམ་པས་བྲེལ་ཤ་ཞིག་གིས་ལུས་སེམས་གཉིས་ཀར་བརྟས་ནས་ཐོན་བྱུང་ལ། བཟའ་ཟླ་དེ་གཉིས་ཀས་ཁ་རྩོད་བྱེད་བཞིན་པའི་སྒྲ་ཞིག་སྤྱི་བདེ་ཅུའུའི་ཕྱོགས་ནས་ལན་རེར་གསལ་ལ་ལན་རེར་དེ་འདྲ་མི་གསལ་བའི་ངང་མཆེད་འོང་གིན་འདུག སྐྱེས་པ་དེས་རང་གི་སྐྲ་ལོ་ནས་བཟུང་ཤུལ་རེ་རེར་མིག་ཅེར་འདུག པུས་མོས་རྡེག་པའི་ཁ་དང་སྣ།ཐོད་པ་ཡང་ན་བཞིན་འདུག་མོད། རང་གིས་དེ་རིང་དམ་བཅའ་སྲུང་ཐུབ་སོང་བར་ཞེ་བསམ་པའི་གཏིང་ནས་དགའ་སྤྲོ་སྐྱེས་ལ། རང་གི་སྐེད་དུ་བཏགས་པའི་ཞི་བདེ་ལྷ་བྱ་ཚོགས་པས་བྱིན་པའི་ཚོགས་མིའི་དཔང་རྟགས་ཕུག་རོན་དེར་བྱིལ་བྱིལ་བྱེད་བཞིན་ཨ་མ་དྲིན་མོ་ཆེ་མི་ཡུལ་དང་ཞལ་གྱེས་པའི་ལོ་དེར་ཁོས་ཨ་མའི་དགེ་རྩར་དུས་ག་འདྲ་ཞིག་དང་ལས་ག་འདྲ་ཞིག་ལ་འཕྲད་ཀྱང་མི་གཞན་དང་འཁོན་རེས་འཛིང་རེས་མི་བྱེད་པའི་དམ་བཅའ་ཕུལ་ཏེ་སྨན་ལུང་དགོན་གྱི་ཞི་བདེ་ལྷ་བྱ་ཚོགས་པར་ཞུགས་དུས་ཀྱི་སྣང་བརྙན་མང་པོ་ཞིག་ཡིད་ལ་ཝ་ལེར་དྲན།

དེ་ནས་ཁོས་མྱུར་བར་གོམ་ཁ་སྨན་ལུང་དགོན་པར་འགྲོ་བའི་ཕྱོགས་སུ་བསྒྱུར། དོ་དགོང་ནི་ཚེས་གསུམ་གྱི་མཚན་མོ་ཞིག་ཡིན་པས་སྤྱིར་ན་སྨག་ནག་ཧ་ཅང་སྟུག་ཡང་། ཁ་བ་འབབ་ཀྱིན་ཡོད་པས་སྨག་ཐམས་ཅད་གཉིད་དུ་ཡུར་སོང་བ་འདྲ་སྟེ། ཁོ་ར་ཁོར་ཡུག་ཡོངས་དཀར་ཤག་ཤག་ཏུ་སྣང་ཞིང་། ཁོས་མདུན་སྐྱོད་ཀྱི་ལམ་བུ་རྡོག་པས་གནོན་དུས་གོམ་ཁ་ཧ་ཅང་ཡང་བ་འདྲ་བའི་ཉམས་སྣང་ཞིག་སྐྱེས་སོ།།།།


རྩོམ་ཡིག་སྔོན་མ།
སྨན་པ་མཚོ་མོ།
རྩོམ་ཡིག་རྗེས་མ།
སད་པའི་རྨི་ལམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1