༄༅།།ལེགས་སྨོན།

འཇིགས་མེད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-29


འཇིགས་མེད

     ལྷ་རིས་སྒྱུ་རྩལ་བ་ཆེན་མོ་ལེགས་སྨོན་ལགས་ནི་མདོ་ཁམས་ས་ཡི་ལྟེ་བ་སི་ཁྲོན་དཀར་མཛེས་ཁུལ་གསེར་ཐར་རྫོང་སྙན་ལུང་ཡུལ་ཚོ་རུ་སྤྱི་ལོ་1962ལོར་སྐུ་འཁྲུངས། ལོ་ན་ཆུང་བའི་དུས་ནས་བཟུང་ཡི་གེ་འབྲི་ཀློག་དང་ལྷག་པར་དུ་མཛེས་རིས་སྣ་ཚོགས་དང་བོད་ཀྱི་ཐང་སྐུ་འབག་བཟོ་ལ་རང་སྦྱོང་དང་ཉམས་མྱོང་མང་དུ་བསགས། རིམ་བཞིན་ཁོས་བོད་ཀྱི་བཟོ་རྩལ་རྨང་གཞི་བྱས་ཐོག་རྒྱལ་ཕྱི་ནང་གི་མཛེས་རྩལ་གྱི་ལེགས་ཆ་སྡེབ་སྦྱོར་བྱེད་ཐབས་ལ་ཆེད་དུ་མཁས་པའི་སྐྱེས་སྟོབས་རྒྱས་ཤིང་མཛེས་དཔྱོད་ཀྱི་ལྟ་བའི་འབྲས་བཟང་གཡུར་དུ་སྨིན། དེ་ལས་ཀྱང་མི་ཚེའི་མདུན་ལམ་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་གཅིག་ཏུ་ཕྱོགས་ནས་རང་རིགས་ཀྱི་སྲོལ་རྒྱུན་ཀརྨ་སྒར་བྲིས་ཀྱི་སྲོག་ལ་ཕྱི་གླིང་བའི་མཛེས་རྩལ་དང་གསོན་ཉམས་གསར་གཏོད་ཀྱི་ཐབས་ལམ་བཀོལ་ནས་ཁོས་རི་མོ་འབྲི་སྦྱང་ལ་གཞི་རྐང་སྲ་བརྟན་གྱི་ལག་ལེན་དང་གསོན་ཤུགས་སྦར་ཏེ་སྐྱ་ཚོན་ཟུང་སྡེབས་ཀྱིས་བྲིས་བཞེངས་བྱས་པའི་གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་དང་། ལྷ་མོ་དབྱངས་ཅན་མ་སོགས་མཛེས་རྩལ་རང་བཞིན་དང་གསོན་ཉམས་འབུར་ཐོན་གྱི་ཐང་བརྙན་མང་པོ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེའི་སྐུ་པར་འདྲ་བཞེངས་བྱས་པ་ལ་གསོན་བརྗིད་རང་བཞིན་གྱི་སྒྱུ་རྩལ་ཕུལ་ཏུ་བྱུང་ཕྱིར་བོད་རྒྱ་ཆེའི་མང་ཚོགས་ཀྱི་དྲན་འཛིན་ངོར་སྐུ་དངོས་སུ་མཇལ་འདྲའི་དགའ་དད་ཀྱི་མྱོང་ཚོར་དང། རླབས་ཆེན་གྱི་མཛད་པ་བཟང་པོ་བསྐལ་བའི་བར་མི་བརྗེད་པའི་དྲན་ཤིང་གི་རྡོ་རིང་ཞིག་ཏུ་གྲུབ། དེ་བཞིན་དུ་ཁོས་སྔ་རྗེས་སུ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་སོགས་སུ་བཟོ་རྩལ་བཤམ་སྟོན་དང་འབྲི་རྩོམ་ཇུས་འགོད། སློབ་ཁྲིད་དང་ཉམས་མྱོང་བརྗེ་རེས་སོགས་བྱས་ཏེ་བོད་ཀྱི་རི་མོ་བ་གསོ་སྐྱོང་གི་ཐད་ལ་ནུས་པ་རྩལ་འདོན་བྱས་པས་བོད་མི་རིགས་ཙམ་མ་ཡིན་པར་མི་རིགས་གཞན་དང་གཞན་གྱིས་ཀྱང་ཁོའི་མཛེས་དཔྱོད་རང་བཞིན་ལྡན་པའི་པིར་རྩལ་ལ་དགའ་བསུ་ཆེན་པོ་ཐོབ་མྱངས་པ་དང་། ཀོང་ཀྲོའུ་དང་ཧྲང་ཧའེ་སོགས་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་འགར་ལྷ་རིས་དང་འབག་མགོ་བཟོ་སྐྲུན་པར་གདན་འདྲེན་ཡང་བྱས་མྱངས། བོད་ཀྱི་དཔའ་བོ་གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་སྟོང་ཐང་ཚད་ལྡན་ཆེན་མོ་གསར་བཞེངས་ཀྱི་སྤྱི་ཁྱབ་བློ་འདོན་པ། སྤྱི་ཁྱབ་མཛེས་བཀོད་པ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ནས་རླབས་ཆེན་གྱི་བྱ་བ་དེ་ལེགས་འགྲུབ་བྱུང་ནས་འཛམ་གླིང་རིག་པའི་བང་མཛོད་ཀྱི་གར་སྟེགས་སུ་ངོ་མཚར་བའི་གཟི་འོད་འབར་བར་བཀོད་ཡོད། དེའི་རྗེས་སུ་གུ་རུའི་སྟོང་ཐང་ཆེན་མོ་དང་གླིང་གི་དཔའ་ཐུལ་བརྒྱད་ཅུའི་ཞལ་ཐང་འཆར་འགོད་དང་གསར་འབྲི་གནང་ཡོད། །  

 

  

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1