ཚིག་གི་འཁྱུགས་རྩལ།

དྲང་འགྲོ (དཀར་མཛེས) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 01-09


ཚེར་མའི་མེ་ཏོག་བཞད་པའི་འཇིག་རྟེན་ན།།

སེར་བའི་ཁ་དོག་འཛུམ་པའི་ལོ་ཟླ་ཞིག།

རྣམ་ཤེས་རི་ལ་བྲོས་པའི་རྨི་ལམ་ནང་།།

ཁྲག་གི་མིག་ཆུ་ཞིག་གི་གཏམ་རྒྱུད་འཁྱིལ།།

དབྱངས་ཀྱི་ཕོ་བྲང་གས་པའི་ལམ་སྣེ་ན།།

ཚིག་གི་ང་རོ་ཆག་པའི་ཟླ་འོད་ཅིག།

ནམ་མཁའི་དབྱིངས་ནས་གྲུག་པའི་ཕོ་བྲང་དེའི།།

ཀ་གདུང་རེ་ལ་དབྱངས་གསལ་སོ་བཞི་འཐོར།།

དུ་སྤྲིན་འཇའ་ལ་འཐིམ་པའི་བར་སྣང་ན།།

ཚེ་རབས་ལས་ཀྱི་ཤི་བའི་འོད་ཟེར་ཞིག།

གླེགས་བམ་ཁུར་བའི་གྱི་ལིང་རྟ་མཆོག་དེའི།།

རྨིག་རྗེས་རེ་ན་གསང་བའི་རྣམ་ཐར་རེ།།

ལོ་རྒྱུས་རླུང་གིས་སྤུར་བའི་ཁང་ཐེད་ནང་།།

འོ་མའི་ཁྲུས་ལ་རོལ་བའི་ལྷ་མོ་ཞིག།

ཙི་གུས་ཟོས་པའི་ཀོ་ལྷམ་རྙིང་ཧྲུལ་འགྲམ།།

བརྗོད་བྱ་མེད་པའི་གསེར་བྲིས་གླེགས་བམ་ཞིག།

འདབ་ལོའི་ཁ་དོག་བོར་བའི་རི་ངོགས་སུ།།

འཇའ་ཚོན་སྣ་ལྔ་འཚོལ་བའི་རི་བོང་ཞིག།

གངས་རི་དཀར་པོ་དེ་ཡི་ཕ་རོལ་ན།།

སྲོག་གི་ཞགས་པ་འཛིན་པའི་སེང་འབག་ཅིག།

རྒྱ་སེ་ཚིག་པའི་དུ་བའི་ཨ་ལོང་ནང་།།

གཤོག་ཐོག་ཅང་ཤེས་ཁྱུ་ཡིས་འཕུར་ལྡིང་མཛད།།

མེ་སྤྲིན་དམར་ནག་འཁྲུགས་པའི་ཐབ་ཁུང་ནས།།

ཤ་ཚིལ་བཙོས་མའི་རླངས་ཞགས་ཐུ་ལུ་ལུ།།

མུན་པའི་འཕྱོར་ལྭ་དེ་ཡི་བར་གསེང་ན།།

འོད་ཀྱི་འཛུམ་མདངས་ངོམ་པའི་ཀོ་གྲུ་ཞིག།

སྒྲོན་མེའི་སྣེ་ལ་བཟུང་བའི་ལོང་བ་དེ།།

འོད་ཀྱི་ཞིང་དུ་སླེབས་སམ་བྱེ་ཐང་ལགས།།



རྩོམ་ཡིག་སྔོན་མ།
སད་པའི་རྨི་ལམ།
རྩོམ་ཡིག་རྗེས་མ།
འཁྲུལ་བའི་བརྩེ་དུངས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1