མཁའ་ནས་བབས་པའི་མེ་ཏོག་འདི།།
སྙིང་ལ་སིམ་པའི་བདུད་རྩི་བཞིན།།
དྲོད་སྣང་སྦྱིན་པའི་ཉི་མ་བཞིན།།
སྐྱོ་བའི་མུན་པ་གཏོར་ནས་བྱུང་།།
མདུན་ན་རྒྱུག་པའི་དགུ་ཆུ་འདི།།
བྲེལ་འཚུབ་ངང་ནས་རྒྱུག་ན་ཡང་།།
དལ་ཞིང་ཁོམ་པའི་འཁྱམས་པོ་དེས།།
ཆུ་འགྲམ་དེ་ནས་ཚོར་བ་རྒུམ།།
ཡན་པོར་བཏང་བའི་སྣང་བ་འདི།།
ཚོགས་དྲུག་ཡུལ་ལ་དུང་སྐྱེན་པས།།
འདོན་ཡོན་ལྷ་མོའི་འཛུམ་ཟེར་ལས།།
ཚོར་བའི་ཝུ་ཕྲེང་མཁའ་ལ་འཕྱུར།།
སྒྱུ་མའི་གྲོང་གི་འདུ་འགོད་ལ།།
བལྟས་ཀྱིན་བལྟས་ཀྱིན་སྣང་བ་སྦྲིད།།
སྦྲིད་པའི་ཚོར་བས་བཟི་གཏམ་འདི།།
གླེང་གིན་གླེང་གིན་རྫོགས་མཐའ་བྲལ།།
རླུང་རྟས་འཁྱུད་པའི་ལྗོན་པ་དེར།།
གཡུ་མདོག་ལང་ཚོ་མེད་ན་ཡང་།།
དཀར་དམར་གོས་ཀྱི་ན་བཟའི་ཀློང་།།
སྣང་བ་ཡངས་མོ་མཁའ་ལ་བསྐྱོད།།
རི་མགོས་ཁངས་ཞྭ་མནབས་ན་ཡང་།།
སྲིབ་ན་འགྱིང་པའི་གསོམ་སྡོང་ཚོགས།།
མི་འཇིགས་སྙིང་གི་དཔུང་བཙན་པས།།
རང་མདངས་མ་ཤོར་ལང་ཚོ་ངོམ།།
ཉི་ཟླ་མཁའ་ལ་འཕགས་པའི་ཚེ།།
ཉི་འོད་བསྒྲིབས་པའི་སྤྲིན་ནག་དེས།།
གྲང་འདར་ཤོར་བའི་བྱིའུ་ཚོགས་ལ།།
བརྩེ་བ་ཡོད་པའི་ཚུགས་ཀ་སྟོན།།
སྒྱུ་མའི་ཁམས་ཀྱི་གྲོང་ཁྱེར་ནས།།
དགའ་སྐྱོ་འཐབ་པའི་ལོ་ཟླ་ལ།།
ཕྱི་མིག་ཤོར་ཚེ་རང་ཉིད་ཀྱི།།
རྐང་རྗེས་མ་མཐོང་ན་ཟུག་ཅིག།
ན་ཟུག་ཁོག་ལ་ལྷུང་ན་ཡང་།།
གཞན་དོན་བྲེལ་བའི་ཕྱག་ཟུང་ལ།།
གནོད་པའི་ལས་ཤིག་མ་དྲན་པས།།
ན་ཟུག་དེ་ཡང་ག་ལེར་ལྷོད།།
དཔྱིད་འཇམ་རླུང་བུས་ཡར་ལ་དེད།
འབབ་ཆུ་དྲག་པོས་མར་ལ་སྒུལ།།
ཡར་མར་གྱེས་སའི་བར་དེ་ནས།།
མི་ཡུལ་ཁམས་འདིར་འུར་གྱིས་བཀང་།།
ཆགས་སྡང་སྤུ་གྲིའི་རྩེ་མོ་ནས།།
བྱང་ཁོག་ནད་རྙིང་མ་སོས་པའི།།
ཤ་འཁོན་སློང་བའི་སྨྱུག་ཐོགས་འགས།།
གནས་ལུགས་ཟེར་བཞིན་གནས་ལུགས་བོར།།
ལྷག་བསམ་རྒོད་པའི་འོད་ཆེན་ཚོས།།
རྡོ་ལ་དོད་པའི་རི་མོ་བཞིན།།
ལ་ལུང་དཔར་བའི་ཞབས་རྗེས་དེ།།
ལོ་རྒྱུས་ཁུག་ན་འོད་ཀྱིས་ཁེངས།།
སྲིད་པའི་གྲོང་གི་ཟུར་དེ་ནས།།
རྒྱ་ཡན་ཤོར་བའི་སྣང་བ་ཡིས།།
དགའ་སྐྱོ་དོད་པའི་གཟུགས་རིས་འདི།།
འཁྱམས་པོའི་ངག་ནས་གླུ་རུ་གྱེར།།