སྒྱུ་མའི་འཇིག་རྟེན།

སྨྱུག་འཚོལ་བ། (མགོ་ལོག) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 01-09


བརྔོད་པ་ལན་གཅིག་མེད་པའི་མི་ཡུལ་ཞིག།

མི་སེམས་སྐད་ཅིག་མ་ཡི་འགྱུར་ལྡོག་ཅིག།

དེ་རིང་གཉེན་ཉེའི་གུད་དུ་འཁུ་ན་ཡང་།།

སང་ཉིན་གྱེས་བྲལ་སོང་སྟེ་མིག་ཆུ་དཀུ།།

སྔ་དྲོ་བདེ་སྐྱིད་ཁྲོད་དུ་ལུས་ན་ཡང་།།

ཕྱི་དྲོ་ལྕགས་ཀྱུས་ཟིན་པའི་རོ་རྐྱང་ཞིག།

ད་ལྟ་ནོར་གྱིས་གཏམས་པའི་ཕྱུག་པོ་ཡང་།།

ལ་གོར་ཡུད་ཙམ་མི་འགོར་སྤྲང་པོ་ཞིག།

ཚེ་སྟོད་རང་སྲོག་གཅོད་པའི་དགྲ་བོ་ཞིག།

ཚེ་སྨད་སྲེལ་བར་བྱེད་པའི་དགའ་མར་གྱུར།།

དང་ཐོག་གནམ་ལ་འཕུར་བའི་གྲུབ་པ་ཡང་།།

ཐ་མར་ཕྲུ་གུ་མང་པོའི་ཕ་ཡང་འགྱུར།།

འཇིག་རྟེན་སྒྱུ་མའི་གྲོང་གི་རང་མཚན་པ།།

སྔ་མར་ཡོད་ཀྱང་ཕྱི་མར་ངེས་གཏན་མེད།།

རྨི་ལམ་ཐང་གི་ཁོ་བོའི་རྐམ་པའི་ལུས།།

ཡིད་ཀྱིས་བརྫིས་པའི་ལོངས་སྤྱོད་རྐྱང་རྐྱང་རེད།།

ཚེ་འདི་མི་རྟག་རྒྱུ་སྐར་རྒྱལ་པོ་བཞིན།།

ཡུན་ཞིག་མི་འགོར་ཕ་གིར་ཡིབ་ཅིང་བྱིང་།།

གྲོགས་ནི་མི་རྟག་དེང་གི་འཚོ་བ་བཞིན།།

རེ་ཞིག་འགྲིག་ཀྱང་དུས་ནང་རིམ་གྱིས་འཐོར།།

བཙན་པོ་ཐོག་ལྟར་རྒོད་ན་མི་རྟག་པ།།

ཕྱུག་པོ་ཀླུ་ལྟར་ཡོད་ན་མི་རྟག་པ།།

མི་རྟག་མི་རྟག་དངོས་པོ་རང་མཚན་པ།།

ཀ་ཅ་རྨི་ལམ་ལྟ་བུ་རྟག་བརྟན་ཅི།།


རྩོམ་ཡིག་སྔོན་མ།
སྣང་བ་རང་ཡན་མ།
རྩོམ་ཡིག་རྗེས་མ།
ཕྱི་ནང་གོ་ལྡོག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1