ཕྱི་ནང་གོ་ལྡོག

སྐལ་བཟང་གཡང་འཛོམས། (དཀར་མཛེས) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 01-09


བལྟས་ན་ཉམ་ཆུང་གཡང་དཀར་འདྲ༎

འགྲོགས་ཚེ་རྒོད་པོ་སྤྱང་ཀི་ཚུལ༎

ཆང་རག་དང་ནི་ཐ་མ་ཁ༎

སྤང་བྱར་གྱུར་པ་གཅིག་ཀྱང་མེད༎

མདོ་མེད་བུ་མོ་ཁ་ཤས་ལ༎

སྙིང་གི་གཏིང་ནས་ཞེན་རེ་ལོག།

གོང་གི་དཔོན་ལ་ངོ་དགའ་ཆེ༎

མཉམ་འགྲོགས་རོགས་ལ་ཁ་ཕོ་མཐོ༎

འོག་གི་སློབ་མ་ཟོག་བཞིན་སྐྱོང་༎

འདི་འདྲའི་ཕྱི་ནང་གོ་ལྡོག་ཅན༎

མདོ་མེད་བུ་མོ་ཁ་ཤས་ལ༎

སེམས་ཀྱི་དབུས་ནས་ཤ་རེ་ཚ༎

དོན་མེད་ཁ་རོག་སྡོད་ཆོག་བཞིན༎

ཚོགས་རའི་ནང་དུ་ཁ་རེ་མང་༎

མི་ཁ་ལྕོགས་པ་ཕར་ལ་ཞོག།

དོན་མེད་འཆལ་གཏམ་ཇེ་མང་རེད༎

མདོ་མེད་བུ་མོ་ཁ་ཤས་ནི༎

ཡིད་གྱི་སྟོད་ནས་སྙིང་རེ་རྗེ༎

ཤེས་ཡོན་དམའ་རུང་འདྲིར་སུན་པས༎

སློབ་མར་ཅི་མོས་གང་མོས་སློབ༎

ཤེས་བྱའི་རྒྱུན་འཛིན་བཅོས་མ་སྟེ༎

ཤེས་མདོག་བཟོ་བར་རབ་དགའ་བའི།།

མདོ་མེད་བུ་མོ་ཁ་ཤས་ལ༎

དྲན་བཞིན་དྲན་བཞིན་དགོད་རེ་བྲོ༎


རྩོམ་ཡིག་སྔོན་མ།
སྒྱུ་མའི་འཇིག་རྟེན།
རྩོམ་ཡིག་རྗེས་མ།
སྙན་ངག་པའི་མཚན་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1