མཚམས་སྤྲིན་མང་པོའི་མདངས་བྱིན་པས།།
ཞོགས་པའི་ཞལ་ཁ་སླར་ཡང་ཕྱེས།།
དུས་དེར་གེ་སར་པད་མའི་རྫིང་།།
མིག་གི་ནང་དུ་ལྷུང་བ་ན།།
ཕྲ་རབ་ལས་ཀྱང་རབ་ཕྲ་བའི།།
གཉུག་མའི་བྱད་གཟུགས་གང་མང་ཞིག།
རྡུལ་གྱིས་མ་གོས་གསལ་ལེར་མཐོང་།།
སྙིགས་མས་མ་བཅོས་དག་པར་མཐོང་།།
དེ་ན་སྨུག་པའི་གླེགས་བམ་དག།
ཚུར་ལ་ཕྱོགས་པ་ཡི་གེའི་ཚོགས།།
མིག་ལ་འཛུལ་ཞིང་འཚུབས་ཏེ་འོང་།།
དེ་ནས་སྒྱུ་མའི་རྟ་བོང་དག།
ཆུ་ལ་ཞོགས་ཤིང་རི་ལ་འགྲོ།།
རི་དེའི་རྩེ་ཡི་ལྗོན་པའི་སྟེང་།།
བྱེའུ་ཁྲ་འཕུར་ཞིང་ལྡང་བསྐོར་བགྱི།།
འཕྲུལ་གྱི་ཁང་ཁྱིམ་ག་ལ་བར།།
ལུས་ཀྱི་ཆད་སྣང་གསོ་འདོད་དེ།།
སྙན་ཚིག་སིལ་མའི་ཨ་ལོང་སྟོང་།།
འབྱུང་བཞིའི་ཁམས་ལ་སྤུར་བ་ན།།
དེ་མ་ཉིད་དུ་མིག་མདུན་གྱི།།
འཇིག་རྟེན་འོབས་ཀྱི་དོང་དུ་ལྷུང་།།
བསྐལ་བ་སྟོང་དུ་བྲིས་པ་ཡི།།
རྨི་ལམ་འདི་ཡང་དགེ་བར་ཤོག།
གཤོག་པས་ཉི་འོད་གོས་གྱོན་ཏེ།།
རི་རྩེར་ལྡང་བའི་དཔལ་ཐོབ་ཤོ
སྐར་མ་ཁྲི་སྟོང་ལྡང་བ།
ཁྱོད་ཀྱི་ཁྲ་ཆུང་མིག་མཐའ་ནས།།
སྐར་མ་ཁྲི་སྟོང་ལྡང་བ་དེ།།
ཡིད་འགྱུ་སྐད་ཅིག་ཙམ་ཞིག་གིས།།
འཁྲུལ་བའི་གདོང་ལ་རེག་པའི་འོད།།
རྒྱུ་སྐར་དག་ནི་ཉམ་ང་བའི།།
དུས་མཐའི་དབྱིངས་ཀྱི་རླུང་བུར་གྱུར།།
ང་ཡིས་ཡིད་ཙམ་བསེར་བུའི་དཔུང་།།
གློག་དམར་འཁྱུག་པའི་མདངས་ལ་བྲིས།།
དེ་ཡང་ཆལ་ཆིལ་གཡོ་བ་ན།།
འདི་སྣང་སྤྲིན་ཕུང་དལ་འགྲོ་མ།།
ལག་པའི་མཐིལ་ན་རྒས་པ་མཐོང་།།
གསལ་བ།
ཉི་འོད་གྱིས་ནི་སེམས་ཉིད་གསལ།།
སེམས་ཉིད་སྣང་བའི་ལྗོན་པར་གསལ།།
ལྗོན་པའི་སྟེང་གི་རྡུལ་རྣམས་ལ།།
ལས་ཀྱིས་གནང་བའི་རྨི་ལམ་གསལ།།
དེ་ལྟར་གཅིག་ལ་གཅིག་གསལ་བས།།
ཁྱོད་ཀྱི་གཟུགས་དང་གྲིབ་མ་གསལ།།
གྲིབ་མའི་དབྱིབས་དང་ཁ་དོག་ལ།།
རྟེན་འབྲེལ་སྣག་བུམ་སླར་ཡང་གསལ།།
སྣག་བུམ་ཁ་ཡི་གེ་སར་དག།
ད་དུང་བཞད་དམ་སོམ་ཉི་འོ།།
ལྷ་མོ།
བདག་གི་སྣང་བའི་སྤྲིན་ཕུང་ལ།།
ལྷ་མོ་ཁྱོད་ནི་འཇའ་ཚོན་བཞིན།།
བདག་གི་བརྩེ་བའི་ཕོ་བྲང་ལ།།
ལྷ་མོ་ཁྱོད་ནི་མེ་ལོང་བཞིན།།
རྣམ་པར་མི་ཕྱེད་དབྱངས་དག་ལ།།
ལྷ་མོ་ཁྱོད་ནི་སྙོམས་འཇུག་བཞིན།།
མངོན་པར་དགའ་བའི་བསམ་གཏན་ལ།།
ལྷ་མོ་ཁྱོད་ནི་མཉམ་བཞག་བཞིན།།
བདག་ཡིད་སྒུལ་བའི་ཤིང་རྟ་ལ།།
བརྩེ་ཆེན་བསོགས་པའི་མཆོད་སྦྱིན་སྤུངས།།
ལྷ་མོ་ཁྱོད་ནི་གང་དུ་ཡང་།།
བདེ་བ་ཆེན་པོའི་མ་མར་འབོད།།