ཁྱོད་རང་དྲན་པ་ནི་ངའི་མི་ཚེ་ཡི་མགྲོན་པོ་ཞིག་འགྱུར་བསམ་པ་མིན།
ཁྱོད་དྲན་དུས་ཤིག་ལ་ན་ཟུག་ཅིག
ན་ཟུག་ཅིག་ཡོད་དུས་ཁྱོད་ཉིད་དྲན།
ནམ་ཞིག་ལ་ཁྱོད་མ་དྲན་པའི་ཉི་མ་ཞིག
ལན་རེར་ཁྱོད་དྲན་པ་ནི་རང་ཉིད་ཀྱི་བདེ་སྐྱིད་ཅིག་ཏུ་བསམ་ཡོད།
རྒྱུ་མཚན་ང་རང་བདེ་སྐྱིད་ཡོད་པ་ནས་ཁྱོད་རང་དྲན་པ་ཡིན།
ཁྱོད་རང་དྲན་དུས།
ངས་མིག་ཟུང་ནམ་མཁར་ཅེར་ཏེ།
དཀར་བོང་བོང་གི་སྤྲིན་པ་དང་གཤོག་འགྱུར་གྱི་སྟངས་སྟབས་བསྒྱུར་བའི་བྱེའུ་ཆུང་དག་ལ་ངའི་བརྩེ་བ་བསྐུར་འདོད།
མི་ལོ་འགའ་ཡི་དེ་རིང་རྟོགས་པ་ནི་ཁྱོད་རང་དངོས་ནས་ལམ་གཞན་ཞིག་ལ་ཆས་ཟིན་པ་དེ །
གཏམ་རྒྱུད་ཤིག་ཤོག་ངོས་སུ་ཕབ་ན་མཐར་ཐུག་གི་འབྲས་བུ་ཡོད་ལ།
གཏམ་རྒྱུད་དེ་སེམས་ངོས་སུ་ཕབ་ན་སུས་ཀྱང་མི་ཤེས་པའི་འབྲས་བུ་ཞིག
རང་ཉིད་ལ་ཆེས་ཆ་རྒྱུས་ཡོད་པ་ནི་རང་ཉིད་རེད་ལ།
རང་ཉིད་ལ་ཆེས་ཆ་རྒྱུས་མེད་པ་དེའང་རང་ཉིད་རེད།
ཁ་བྲལ་རྗེས་ཀྱི་སྨོན་འདུན་དེ་ཁྱེད་ཀྱིས་གང་ནས་བཤད་པ་ཡིན།
བསམ་གཞིག་ཅིག་སྐྱེས་དུས།
ས་ཐོག་ན་འདུར་གྱིན་རྒྱུག་པའི་འབའ་འབུ་དག་ལ་ངའི་སྡུག་བསྔལ་འདི་བསྐུར་འདོད །
བརྩེ་དུང་ཟེར་བ་ནི་བློ་གཏོད་ཅིག་མ་རེད།
སྐད་ཆ་གཅིག་སྔོན་ལ་དགའ་བ་དང་སྐད་ཆ་གཅིག་རྗེས་ལ་བྲལ་བ།
ད་དུང་བརྩེ་དུང་ལ་ཡིད་ཆེས་པ་ནི་ཅི་འདྲའི་གླེན་པ་ཞིག
མཁའ་ཡི་འཇའ་ཚོན་བཞིན་འཆར་ཞིང་ས་ཡི་པད་མ་ལྟར་ཡལ་བ་ནི་ཅི་འདྲའི་ལྐོག་གྱུར་ཞིག
ན་ཟུག་ཅིག་སྐྱེས་དུས།
མཚོ་ནང་ན་གར་གྱིས་རྩེན་པའི་ཆུ་འབུ་དག་ལ་ངའི་རྨི་ལམ་ཞིག་བསྐུར་འདོད།