སྐྱེ་བ་འདིའི་སྡུག་བསྔལ་མཚོན་པའི་སྙན་ངག

གངས་མུ་ཏིག (ཀན་ལྷོ) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 01-09


མི་འགའ་ཞིག་སྐྱེས་མ་ཐག་ནས་རྒས་སོང་།

རྒ་བའི་གོ་རིམ་ནི་མེ་ཏོག་ཅིག་སད་ཀྱིས་བཅོམ་པ་ལས་ཀྱང་མགྱོགས་པོ་འདུག

ང་ཡང་རྒ་བར་འཇིགས་པའི་མི་ཞིག་ཡིན་པས།

རྒ་བའི་ཕྱོགས་སུ་མནོ་བསམ་ཡང་ཡང་བཏང་མྱོང་།

སྤྱི་ཚོགས་ཞེས་པའི་འཐབ་ར་འཇིགས་པོ་འདི་ནས།

མ་འོངས་པར་སྨོན་པའི་གླུ་དབྱངས་ཤིག་ལེན་ན་འདོད་ཀྱང་།

ཆོམ་སྒྲ་དང་ཟང་ཟིང་གིས་ང་ཡི་ཡིད་ཁམས་རབ་ཏུ་དཀྲུགས།

ནམ་མཁའ་བཞིན་འབྱམས་ཀླས་པའི་དྲན་པ་འདིའི་ནང་དུ།

མཛེས་སྡུག་མཚོན་བྱེད་ཀྱི་མེ་ཏོག་རྐང་གཅིག་ཀྱང་ཤོང་ཐབས་མེད་པས།

ང་ལ་མཚར་སྡུག་གི་རྨི་ལམ་ཞིག་རྨི་བའི་སྐལ་བ་ཞིག་ཡོད་སྲིད་དམ།

བགྲེས་པོ་ཞིག་གིས་རང་ཉིད་ཀྱི་ལོ་རྒྱུས་བརྗེད་པ་ལྟར།

ནམ་ཞིག་ལ་ངས་ཀྱང་རང་ཉིད་འབོར་ངེས་རེད།

དེ་དུས་ངས་ཁྱོད་ཀྱི་ཚབ་ཏུ་མི་གཞན་གྱི་རྐང་རྗེས་བསུབ་ངེས་ལ།

ཁྱོད་ཀྱི་ཚབ་ཏུ་གཞན་གྱི་བོའུ་མཆུ་རང་ལ་གཏད་ནའང་སྲིད།

འོན་ཀྱང་ཁྱོད་ལ་འགྱོད་གདུང་གི་མིག་ཆུ་མེད་པར་ཤོག

ཁྱོད་ལ་སྡུག་བསྔལ་གྱི་ན་ཟུག་མེད་པར་ཤོག

ང་ཡིས་ག་དུས་ཀྱང་ཁྱོད་ལ་དགའ་བའི་བདེན་པ་བསྲུང་ངེས།

ང་ནི་མུན་པ་དང་འགྲོགས་པའི་ལམ་པ་ཞིག་ཡིན་པས།

ང་ལ་སྐྱེ་བ་དགུ་ལ་སེལ་མི་ཐུབ་པའི་ཉེས་པ་ཡོད།

ངས་མི་ཞིག་ལ་བལྟས་བལྟས་རྗེས་རང་ཉིད་འཚོལ་དགོས་པའང་བརྗེད་འགྲོ་བས།

ང་ལ་མིག་ཆུ་ཡོད།

ངའི་མིག་ཆུའི་ཁ་དོག་ནག་པོ་ཡིན།

ངས་རང་ཉིད་ལ་ནག་པོ་ཞེས་པའི་མིང་ཞིག་ཀྱང་བཏགས་ཡོད།

མཚམས་ལན་རེར་ངར་ང་དང་ཁྱོད་ཅེས་པའི་དབྱེ་བའང་འབྱེད་རྒྱུ་མེད།

སེམས་པ་བློང་བློང་དུ་གཏོང་བའི་རོལ་དབྱངས་ནག་པོ།

གར་མའི་གདོང་ན་མངོན་པའི་མེ་ཏོག་གི་འཇོ་སྒེག

ཡི་གེ་དང་ཨང་གི་སོགས་ཅི་ཡང་མེད་པའི་སྤྲོ་སྐྱིད་ཀྱི་རྒྱལ་ཁམས།

ལོ་བརྒྱར་སོང་ཡང་བསླེབ་དཀའ་བའི་རྨི་ལམ་གྱི་གྲོང་ཚོ་ན།

དུས་ཚིགས་རིས་མེད་དུ་ཡིད་སེམས་ཀྱི་ཀློང་དུ་ཤེད་ཀྱིས་མངོན་ཞིང་སླར་ཡང་མེད་པར་གྱུར་པ་ག་རེ་རེད།

བདག་ཏུ་འཛིན་འདོད་ཀྱི་མཛེས་སྡུག་མཐའ་དག་བསླུ་བྲིད་ཀྱི་གསོར་འབིག་རེ་རེར་གྱུར་ཏེ་སེམས་ཀྱི་རི་མོ་

ལ་རྨ་ཁ་ཙམ་ཕབ་ཡོད་པ་སུ་ཡིས་རྟོགས།

ཞོགས་ནས་ས་སྲོད་དང་སྐྱེས་པ་ན་འཆི་རག་བར་དུ།

སོང་སོང་བའི་མཐའ་མར་རྐང་རྗེས་ནག་པོ་རེད།

ལག་དམར་ཞིག་དང་འདྲ་བར་རེ་དོགས་དང་སྔངས་འཚབ་ཀྱིས་ཉི་མ་གཅིག་སྐྱེལ་བ་ནི་མི་ལོ་གཅིག་ཉུང་དུ་

ཕྱིན་པ་ལས་ཀྱང་སྐྱོ་བོ་འདུག་ཨང་།

འདས་ཟིན་པ་ཇི་སྙེད་ལོ་རྒྱུས་ཀྱི་དུར་དུ་སྦས་རྗེས།

ང་རང་ཕ་ཡུལ་དུ་ལོག་སྟེ།

སུ་ལའང་ཁ་ཡ་མི་བྱེད་པར།

ཁྱོད་དང་མཉམ་ཏུ་ཚེ་ཚེ་རབས་རབས་སུ་འབྲུ་རིགས་གདབ་ན་བསམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1