རྨི་ལམ་ནས་རྡུང་བའི་ཞབས་བྲོ།(ཞར་བཀོད་གཉིས།)

ཀླུ་པད་བཟང་། (དཀར་མཛེས) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 01-09


མར་མེ་ནི་རླུང་གིས་སྦར་བར་བྱ།

ངེད་ཅག་གིས་འཇིག་རྟེན་ནི་ལྷིང་འཇགས་སུ་གཏོང་བར་འོས་ཏེ།

ཤེལ་ཕོར་ནང་གི་ཇ་ལོ་ལྗང་སྐྱ་དེས།

ཁོ་རང་གི་འདོད་པ་ལྟར་གྱི་ཆུ་ཁོལ་གྲོད་པ་གང་བཏུངས་ཚར་རྗེས།

ཁྱེད་རང་ཚམ་ཚོམ་མེད་པར་གདན་ཐོག་ནས་འཕུར་བ་ཙམ་གྱིས།

རང་གི་མཛའ་མོས་མཐོང་ཐབས་བྲལ་བའི་གནས་སུ་ཡིབ་པར་གྱུར།

གྲུ་གཟིངས་ནི་རླུང་གིས་བསྐྱོད་དེ་བར་སྣང་དུ་བྱིང་།

ངེད་ཅག་གིས་རང་གཟུགས་གཅེར་བུ་མ་འཇའ་ཚོན་བཞིན་ངོམ་རུང་སྟེ།

ཤེལ་ཕོར་གྱི་སྲུབས་ཀ་ལས་འཛག་པའི་ཆུ་ཐིགས་དེས།

གནའ་བོའི་མཁར་རྫོང་གི་རི་མོ་འདག་པར་བྱེད་ཅིང་།

ཁྱོད་ཀྱི་མཛའ་མོའི་མིག་ཟུང་ལ་དབུལ་ཕོངས་ཀྱི་གསང་བ་སྦྲུམ་དུ་བཅུག

ཧ་ཅང་ཡིད་ལ་གསལ་བའི་བྱིས་དུས་ཀྱི་རྩེད་རྡོ་དེས་ཀྱང་།

ཁྱོད་དང་མཛའ་མོའི་བར་དུ་ལྐོག་གྱུར་གྱི་འདྲི་ཚིག་ཁ་ཤས་འཕངས།

གྱང་ངོས་ཀྱི་མཚོན་མདོག་གི་རི་མོ་དག་གསལ་ཕྱིར

ངེད་ཅག་གིས་མེ་ལོང་ནང་དུ་རང་གི་སྨིན་མ་རེ་རེ་ནས་བརྩིས་བླངས།

སྐར་མ་རབ་རིབ་ཅིག་སྒེའུ་ཁུང་ནས་འཚེར་ཡོང་དུས།

རྨི་ལམ་ནས་རྡུང་བའི་ཆར་རླུང་ཁྲོད་ཀྱི་ཞབས་བྲོ།

ཤེལ་ཕོར་དེའི་ནང་གི་ཇ་ལོ་རེ་རེར་བསྒྱུར་ནས་ངེད་ཅག་གིས་བཏུང་བར་བྱ།

ཁ་བ་བབས་བའི་མཚན་མོ་ཞིག་ལ།

ང་ཉིད་ཁ་བའི་ཚུལ་གྱིས་ཁྱེད་ཀྱི་མིག་ཀོང་དུ་བབས།

འདབ་ལོ་རེ་རེ་སྨིན་མ་ལ་བརྫུས་ཏེ་འགུལ་བར་རྩོམ་ཚེ།

སྡུག་བསྔལ་གྱིས་མནར་བའི་མི་གཙང་བའི་ཕུང་པོ་དག

ཁ་བའི་ཀློང་ནས་ཞི་བར་གྱུར་ཅིང་མེ་དཔུང་བཞིན་ཤུགས་ཀྱིས་འབར།

ཁ་བའི་ཐོག་ཏུ་བྲིས་པའི་འུ་ཅག་གི་ངོ་གདོང་།

ནམ་མཁའི་མཐོངས་སུ་ཡང་ནས་ཡང་དུ་སྒོམ་དུས།

ང་ལ་ཇག་པའི་ཚོགས་ཀྱིས་བསྐོར་ཏེ་དངངས་སློང་པར་བྱེད།

ཁ་བ་ཉིད་ནི་ཞི་བར་གྱུར།

ང་ཉིད་མེ་དཔུང་གི་ཚབ་ཏུ་ཁྱེད་ཀྱི་མེ་ལོང་དུ་སྦར་བར་བྱ།

ཚ་གཟེར་གྱི་མི་སྡུག་པ་དག་རི་མོ་བཞིན་བསྒོམས་དུས།

ཁྱེད་ཀྱི་སྐྲ་གསེང་ནས་མཚན་སྨག་གི་དུ་བ་སྔོ་མེར་འཕྱུར།

སྣང་བ་འདི་ལ།

ཕུང་པོ་དང་ཕུང་པོ་སྦྱོར་བ་ལས་རྡེབ་པའི་གྲིབ་མ་དེས།

སུ་ཞིག་གི་ཕོ་བྲང་དུ་ཞེད་སྣང་གི་དཀྱིལ་འཁོར་རེ་བྲིས་ཡོད་དམ།

རུས་ཐུར་གྱི་གསེབ་ནས་ཐོན་པའི་རྐང་མར་སེར་པོ།

རྨི་ལམ་གྱི་ཀློང་དུ་བྱིངས་ཏེ་གློ་རྡེག་གིས་གསལ་བར་གྱུར།

རྒྱུ་སྐར་གྱི་གཡས་སུ་ཉལ་བའི་ལྷ་མོ་གཅེར་བུ་མ་དེ།

འཇའ་འོད་དང་མཉམ་དུ་དམར་ཧྲེང་ངེར་ཡར་བཞེངས་ཚེ།

ཁྱོད་ཀྱི་བྲང་ཁོག་ནས་ཕར་སྲིང་པའི་འདོད་པའི་ལག་པ་དཀར་པོ།

ཁྱོད་རང་གི་རྒྱབ་ཕྱོགས་ནས་འབར་བའི་མེ་ལྕེ་དེས་བསྲེགས་སོང་ངོ་།

འདམ་མྱགས་སུ་གྱུར་པའི་ལུས་ཕུང་འདི།

སྡོང་པོའི་ཤུན་ལྤགས་བཤུས་པ་བཞིན་ཡོངས་སུ་དོར་རྗེས།

འཁར་བ་ཐོགས་པའི་བགྲེས་མོ་ཞིག་གི་མངལ་དུ་སྦྲུམ་པ་དག

འཇིག་རྟེན་བརྗེད་ཐེངས་བཅུ་དྲུག་གི་རྣམ་སྨིན་ལས་བྱུང་བའི།

མཐར་ཐུག་གི་བསྐྱར་ཟློས་དེ་ཡིན་ནམ།

འཕག་འཚག་ཅིག་གིས་མི་རྣམས་དགའ་བར་བྱེད་སླ་སྟེ།

མུན་པ་དང་འོད་ཟེར་གཅིག་ཏུ་སྐྱེ་བ་དེས།

རྣམ་ཤེས་ཀྱི་མེ་ཐབ་ལ་ཚ་བ་རྒྱས་སུ་བཅུག་སོང་།

ཡོལ་བ་མཐུག་པོ་དེའི་གས་སྲུབས་ལས་མངོན་པ་དག་ལ།

སེམས་པ་ལྔ་མཚོན་བྱེད་དུ་དབུ་རྒྱན་སོགས་རེ་རེ་བཏགས་ཚེ།

ཁྱོད་ཀྱི་བྲང་ཁོག་ནས་ཕར་སྲིང་པའི་འདོད་པའི་ལག་པ་དཀར་པོ།

ཁྱོད་རང་གི་རྒྱབ་ཕྱོགས་ནས་འབར་བའི་མེ་ལྕེ་དེས་བསྲེགས་སོང་ངོ་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1