ཐོག་མའི་སེམས།

གླེ་གཞིས་འཇམ་དབྱངས་ཐར། (ལྷ་ས) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 01-09


ཡང་སྙིང་དུས་ནམ་ཞིག་དང་གནས་གང་ཞིག་ནས།

བདག་གིས་ཤུལ་མེད་དུ་ཁྱོད་རང་བསྐྱུར་མྱོང་ངམ།

བར་མ་ཆོད་པའི་བྱེད་སྒོ་དག་གི་གཡེང་ལ་སྐུར་བ་ཡིན་ནམ།

མི་ཆེན་གང་གི་སྦར་བ་ལས་བཤུད་ལུས་སུ་འཁོར་བ་ཨེ་ཡིན།

ཇ་ཕོར་དང་ཆང་ཕོར་གཏུག་པའི་གླགས་མཚམས་ནས་དྲན་མེད་དུ་བརྗེད་པ་ཡིན་ནམ།

ཁྱོད་གང་དུ་འབུར། ངའི་ཆེས་ཐོག་མའི་སེམས་པ་དེ།

ཁེ་གྲགས་སྙན་གསུམ་སྲོག་ཏུ་བསྡོས་བའི་གསེང་ན་འཚང་ཡོད་དམ།

ཆུ་རླབས་ལྟ་བུའི་དུས་རབས་ཀྱི་རྡབ་ཚད་ཁྲོད་ནས་བྲོས་སོང་ངམ།

དཔང་ཡིག་དམར་པོས་སྤྲོས་པའི་གནོན་འདུལ་གྱིས་བཏེཊ་པ་ཡིན་ནམ།

རྟོག་བཏཊ་ལས་འགེངས་ཏེ་གནས་བབ་གང་དུ་ཡིབ།

ཡང་སྙིང་གྲུ་ཟུར་གང་ནས་གང་ལ་ཕུད་ཅིང་དེད།

མུན་པ་ལྟག་སྒོ་ནས་འཇུར་ཡོང་བའི་དུས་དེར།

གྲང་བསིར་གྱི་གོམ་འགྲོས་གཟེར་བའི་སྐབས་དེར།

བདག་གིས་ཁེར་ཧྲེང་དུ་ལུས་པའི་སྲང་མདོ་ནས་ཁྱོད་ཉིད་མཐོང་བྱུང་།

ཆེས་ཐོག་མའི་སེམས་པ། ཏག་ཏག་ཕྱི་མིག་བར་ནས་མཐོང་བྱུང་།

མིག་ཀོང་ལང་ལོང་ཁྲོད་ནས་མཐོང་བྱུང་།

ཁྱོད་ཀྱི་སྐྱོ་རལ་དུ་གྱུར་བའི་སྐྱི་ལྤགས་དང་།

བཞུད་དེ་ཟད་པའི་ཚེ་སྲོག

ད་དུང་ང་རྒྱལ་དང་སྣང་མཐོའི་ཆ་ཤས་ཡོད་དོ་ཅོག

བསྟར་སྒྲིག་ངང་མུ་ནས་མུར་རིམ་མང་དུ་བསྐོར།

འཆོས་ཡོང་སྙམ་པའི་སྒྲོམ་ཞིག་ཏུ་ལྐོག་རུལ་དུ་བཅུག་སྟེ།

གདོད་མའི་ཤུལ་ཙམ་ལའང་འདྲ་མེད་དུ་བཅོས།

གཡབ་མོ་ཙམ་གྱིས་ཁྱོད་ཉིད་བསྐང་ན་བསམ་ཡང་།

ཁྱོད་ཀྱི་འཁང་བ་དང་ཁྲོ་བར་ཞི་ཐབས་གང་ན་ཡོད།

ངའི་ཆེས་ཐོག་མའི་སེམས་པ།

ངས་ཅིས་ཀྱང་བཙལ་ཏེ་རྙེད་དགོས།

འཛོལ་ཡོང་སྙམ་པའི་ལམ་ཕྲན་བརྒྱུད་ནས་འཚོལ་དགོས།

ཕྱི་ཨེ་དྲན་བསམ་པའི་བརྗེད་ཐོ་དག་སློག་དགོས།

བཙངས་མྱོང་བའི་དུས་ཚོད་ཀྱི་བར་སྲུབས་ལ་ཞིབ་དཔྱད་བྱ་དགོས།

གལ་ཏེ་ཁྱོད་ཉིད་ཁུ་སིམ་པོས་ཡིན་མིན་གྱིས་མངོན་ཡང་།

ངས་སྔར་བཞིན་ཁྱོད་ཀྱི་འོད་ཕྲན་གྱི་རྗེས་སུ་གཅོད་འདོད།

སྐབས་རེར་ངེད་གཉིས་རང་ཉིད་ཀྱི་འཁྲིས་སུ་བཅར་འདུག

བྲང་ཁོག་གི་འཕར་ལྡིང་གིས་ཀྱང་དཔོག་པ་བཞིན།

ངས་ཁྱོད་ཀྱི་ཕུགས་རྒྱ་ཡི་རིང་ཚད་དེ་ཟིན་ཐུབ།

ཡང་མཚམས་རེར་ཁྱོད་ཉིད་ངའི་མཐོང་ཡུལ་ནས་སྐུང་ཞིང་།

སུས་ཀྱང་མི་ཉེན་པར། ང་ལ་སོ་ལྟ་བྱེད།

ངའི་ཆེས་ཐོག་མའི་སེམས་པ་ཡཱ།

ཁྱོད་སླར་ཡང་བདག་གིས་བྱི་དོར་ཐེངས་ཤིག་བྱ་བར་བྲེད་པ་མ་ཡིན་ནམ།

སེམས་ཉིད་གླིང་ལ་མར་མེ་བསྟད། སྙིམ་པས་བཀྱགས་ནས།

མེ་སོན་དཔང་བོར་བཀུར། རང་སེམས་ལ་འགན་ལེན་བྱེད།

ནམ་ཡང་ཁྱོད་དང་འབྲལ་མེད་དུ་མཉམ་དུ་གཤིབ་ཆོག

མངོན་དུ་འགྱུར་རུང་བ་དག ཁྱོད་ཀྱིས་ཁྱེར་ཞིག

བདག་གིས་སྒྲུག་ཆོག

ཁ་ཞེ་གཉིས་གཅིག་ཏུ་མཐུན་པའི་སྐད་ཅིག་དེར།

ཆེས་ཐོག་མའི་སེམས་ཀྱིས་ངའི་རྐང་པ་གཤོག་པར་བརྗེས།

ཁང་བརྩེགས་དང་ལྕགས་ལམ་གཤགས་ཏེ།

ཁེར་རྐྱང་དང་རྒས་འཁོགས།

མེ་ཏོག་གི་རི་སྡེ་ཞིག་ཏུ་བསྐྱལ།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1