ཁྱོད་རང་འཇིག་རྟེན་གྱི་པང་དུ་སླེབས་དུས།
ངུ་སྐད་ཀྱིས་ཁོར་ཡུག་བསྒུལ།
ཕ་མའི་བྱམས་བརྩེ་ཡི་མིག་ཟུང་དྲོན་མོ།
ཁྱོད་ཀྱི་ལུས་སྟེང་ན་འཁོར་དུས།
ཁྱོད་ནི་གངས་རིའི་སུལ་གྱི་ཆེས་གཅེས་སུ་འོས་པའི་ནོར་བུ་རྡོག་གཅིག་ཡིན།
༢
བྱིས་དུས་ཀྱི་རྩེ་ར་ཆུང་ཆུང་དེ།
སུ་ཞིག་གི་བློས་བསླངས་བའི་འཇིག་རྟེན་ཆུང་ཆུང་།
རྩེ་དགོད་ལ་བྲེལ་བའི་ལོ་ཟླ་དེ་དག
སྐར་མདའ་བཞིན་སྐད་ཅིག་ཏུ་ཡལ་སོང༌།
ཀ་ཁའི་དབྱངས་རྟ་སྐྱོར་བའི་མི་བུ་ཁྱོད།
དབེན་འཇགས་ཀྱི་རུ་སྡེ་འདིའི་དབུགས་དབྱུང་གཅིག་པུ་དེ་ཡིན །
༣
གོ་ལའི་ཡང་རྩེ་འཁྱག་རླུང་གིས་དེད་དུས།
དཔའ་ངར་གྱིས་ཉི་འོད་ལ་འཐམ་པའི་ཁྱོད།
དད་རྟེན་དང་མཇལ་ཕྱག་མོད་པའི་ཁྱིམ་ཕུགས་ན།
གསོལ་སྨོན་གྱི་མཆོད་མེ་གཟིམ་མེད་དུ་སྒྲོན་མཁན་དེ་ཁྱོད་རང་ཡིན་ངེས་ཤིང༌།
མཚན་གང་བོར་རྐང་གླིང་དང་དུང་བརྡ་འབུད་མཁན་དེའང་ཁྱོད་རང་ཡིན་ངེས།
༤
ཞོགས་ཉིའི་འོད་ཐིག་གི་ཟེར་མ་སྦྲ་ནང་དུ་འཕྲོ་དུས།
ཁྱོད་རང་དལ་དལ་ངང་གཙང་འགྲམ་དུ་བཞུད།
སྐྱོ་ངལ་གྱི་སེམས་པ་ཞིག་སླར་ཡང་དངངས་འཚུབ་དང་བཅས་ཆུ་བོའི་རླབས་ངོགས་སུ་འཕྱོ།
༥
རྐང་རྗེས་གངས་ཁྲོད་དུ་བཞག་སོང༌།
རྣམ་ཤེས་གངས་ཐང་དུ་ལུས་སོང་།