སེམས་པ་སྙན་ངག་ལ་བསྟར་བ།

བཀྲ་ཤིས་ཆོས་ལྡན། (དཀར་མཛེས) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 01-10


སེམས་ཀྱི་ཕྱི་ནང་།

སེམས་པ་ནི་གཉུག་མར་ལྷན་ཅིག་སྐྱེས་པའི་རང་བྱུང་འོད་ཀྱི་གོང་བུ་ཞིག་ཡིན།

སེམས་པ་ནི་གདོད་མའི་ལྷ་སྒྲུང་ལས་མཆེད་པའི་ཆོ་འཕྲུལ་གྱི་འདུ་ཚོགས་ཤིག་ཡིན།

སེམས་པ་ནི་བྱེད་པོའི་ལུང་བསྟན་ལས་གྲུབ་པའི་སེམས་བྱུང་གི་སྒྲོམ་བུ་ཞིག་ཡིན།

སེམས་པ་ནི་གཟུར་མེད་ལས་དབང་གིས་སྨིན་པའི་སྲིད་པའི་བདག་པོ་ཞིག་ཡིན།

སེམས་པ་ནི་ཕུང་པོའི་ཉིན་སྲིབ་ན་རྒྱུ་བའི་ལྷགས་པའི་རྡུལ་ཕྲན་ཞིག་ཡིན།

སེམས་པ་ནི་གློ་སྙིང་སྲོག་ཁམས་ལ་ཁོལ་བའི་ཁྲག་གི་དྭངས་མ་ཞིག་ཡིན།

སེམས་པ་ནི་དབུས་མའི་རྩ་ལམ་ན་འཕར་བའི་གསལ་རིག་གཟུགས་མེད་ཅིག་ཡིན།

སེམས་པ་ནི་དབང་པོའི་གོལ་ས་ནས་དོད་པའི་ཀུན་འཆར་མེ་ལོང་ཞིག་ཡིན།

སེམས་པ་ནི་ཁུ་ཁྲག་ཐིགས་གཅིག་ལས་བཞུར་བའི་རིགས་ཀྱི་སྙེ་མ་ཞིག་ཡིན།

སེམས་པ་ནི་སྲིད་པའི་འཆིང་ཐག་བཞིན་དཔྱངས་པའི་ཞཊ་པའི་ཨ་ལོང་ཞིག་ཡིན།

སེམས་ཀྱི་མཛེས་པ།

སེམས་པ་ནི་སྙན་པའི་གླུ་གཞས་ལ་རྩེན་པའི་དྲི་ཟའི་བུ་མོ་ཞིག་ཡིན།

སེམས་པ་ནི་འཁྲོལ་བའི་རོལ་དབྱངས་ལ་སིམ་པའི་རྒྱུད་མང་སྔོན་པོ་ཞིག་ཡིན།

སེམས་པ་ནི་མཛེས་པའི་ཞིང་ཁམས་ན་འཁྲུངས་པའི་རྒྱ་སེ་མེ་ཏོག་ཅིག་ཡིན།

སེམས་པ་ནི་དགོད་སྒྲའི་འགྱུར་ཁུགས་ལ་ཐིམ་པའི་དབྱངས་ཀྱི་ཆ་ཤས་ཤིག་ཡིན།

སེམས་པ་ནི་སྲུང་མའི་ཚོགས་ཞིང་ལ་དབང་བའི་ཡོན་ཆབ་བསིལ་མ་ཞིག་ཡིན།

སེམས་པ་ནི་ཡངས་པའི་ནེའུ་གསིང་ལ་འཛུམ་པའི་དྲི་ལྡན་འདབ་བརྒྱ་ཞིག་ཡིན།

སེམས་པ་ནི་ཟླ་བའི་འོད་ཟེར་ལས་སྤྲོས་པའི་ཆུ་ཤེལ་དབང་པོ་ཞིག་ཡིན།

སེམས་པ་ནི་བདེ་བའི་འཇིག་རྟེན་ན་སྐྱོམ་པའི་འོ་མའི་ཆུ་གཏེར་ཞིག་ཡིན།

སེམས་པ་ནི་འདབ་དྲུག་ཁ་བ་རུ་སྤུངས་པའི་ས་འཛིན་དཀར་པོ་ཞིག་ཡིན།

སེམས་པ་ནི་རྡོ་རྗེ་ཕ་ལམ་གྱིས་བཞེངས་པའི་ཤེལ་གྱི་ཕོ་བྲང་ཞིག་ཡིན།

སེམས་ཀྱི་གདུང་ཟུག

སེམས་པ་ནི་དྲན་པའི་ན་ཟུག་གིས་མྱོས་པའི་ས་མཐའི་རྨི་ལམ་ཞིག་ཡིན།

སེམས་པ་ནི་སྒྱུ་དང་གཡོ་ཐབས་ཀྱིས་འདུར་བའི་ཁྲེལ་མེད་ཟོག་པོ་ཞིག་ཡིན།

སེམས་པ་ནི་ལེ་བདའི་ཤུགས་རིང་གིས་མནར་བའི་དཔུང་མེད་ཁེར་བུ་ཞིག་ཡིན།

སེམས་པ་ནི་སྡུག་ཡུས་རུམ་གང་ཁྱེར་བའི་ལས་ངན་གྱི་ཡུགས་མོ་ཞིག་ཡིན།

སེམས་པ་ནི་སྐྱོ་བའི་མིག་ཆུ་འཕྱོ་བའི་དུར་ཐང་གི་དྭ་འཁྱམ་ཞིག་ཡིན།

སེམས་པ་ནི་མནར་གཅོད་ཀྱི་སོ་ཁར་ལྷུང་བའི་ཚེ་སྲོག་ཉམ་ཆུང་ཞིག་ཡིན།

སེམས་པ་ནི་མུན་པའི་དཀྱིལ་འཁོར་ན་བདོག་པའི་བཙོན་མའི་རུས་རྐང་ཞིག་ཡིན།

སེམས་པ་ནི་འགྱོད་པ་བང་རིམ་ལྟར་བརྩིགས་པའི་ལེ་ལོའི་བང་སོ་ཞིག་ཡིན།

སེམས་པ་ནི་སྲེད་པའི་ཁམས་ཀློང་ན་འཚེར་བའི་བདུད་ཀྱི་ཆོ་འཕྲུལ་ཞིག་ཡིན།

སེམས་པ་ནི་སྐྱོ་ངལ་བན་བུན་དུ་འཁྲིགས་པའི་སྲིན་པོའི་གླིང་ག་ཞིག་ཡིན།

སེམས་ཀྱི་ཡོ་ལང་།

སེམས་པ་ནི་རླུང་གིས་ལྷབ་ལྷུབ་ཏུ་སྒུལ་བའི་ལ་ཁའི་དར་ལྕེ་ཞིག་ཡིན།

སེམས་པ་ནི་ཁ་ཕྱོགས་ཡན་པ་རུ་གྱུར་བའི་ཉག་གའི་འགྲུལ་བཞུད་ཅིག་ཡིན།

སེམས་པ་ནི་རི་གྲོང་གང་ཞིག་ཏུ་འཐོར་བའི་སྡོང་ལོ་བཙའ་མ་ཞིག་ཡིན།

སེམས་པ་ནི་ཁ་བའི་འདབ་མ་ལ་འགོས་པའི་བག་ཆགས་སྟུག་པོ་ཞིག་ཡིན།

སེམས་པ་ནི་ལྗང་བུའི་ལང་ཚོ་ལ་རེག་པའི་དཔྱིད་ཀྱི་དཔལ་ཡོན་ཞིག་ཡིན།

སེམས་པ་ནི་སྣང་བའི་བར་སྲུབས་ལ་འཁོར་བའི་ཤོག་ལྷེ་སྐྱ་བོ་ཞིག་ཡིན།

སེམས་པ་ནི་ཟླ་བའི་འཕེལ་འགྲིབ་ལ་བསྐུངས་པའི་མི་རྟག་རྗེན་པ་ཞིག་ཡིན།

སེམས་པ་ནི་མཐུར་མེད་ཅང་ཤེས་ལྟར་འཕགས་པའི་རྒོད་པོའི་དཔུང་སྡེ་ཞིག་ཡིན།

སེམས་པ་ནི་སྣ་ཚོགས་ཁ་དོག་གིས་སྤུད་པའི་ཟ་འོག་རི་མོ་ཞིག་ཡིན།

སེམས་པ་ནི་ཞི་ལྷག་མཉམ་སྦྱོར་དུ་གོམས་པའི་ཏིང་འཛིན་སྲབ་མོ་ཞིག་ཡིན།

སེམས་ཀྱི་འཇུག་ལྡོག

སེམས་པ་ནི་མཛེས་མའི་མཆུ་སྒྲོས་ཀྱིས་འཇིབ་པའི་རྒུན་ཆང་སིལ་བུ་ཞིག་ཡིན།

སེམས་པ་ནི་སྐྱེས་པའི་བྲང་གཞུང་ལ་བཏབ་པའི་སྲིད་པ་འཁོར་ལོ་ཞིག་ཡིན།

སེམས་པ་ནི་གཞོན་པའི་མིག་མདངས་ལ་འདྲེས་པའི་འཇའ་ཡི་རླབས་རིས་ཤིག་ཡིན།

སེམས་པ་ནི་བགྲེས་པོའི་ཐོད་རིས་ལ་ཆགས་པའི་ལ་ཁའི་གྲིབ་མ་ཞིག་ཡིན།

སེམས་པ་ནི་དངུལ་གྱི་རིན་ཐང་ལ་ཟད་པའི་བྲེ་སྲང་འཇལ་བྱེད་ཅིག་ཡིན།

སེམས་པ་ནི་སྒྱོགས་ཀྱི་གཡུལ་ས་ན་བསྒྲེངས་པའི་ཁྲག་གི་རུ་དར་ཞིག་ཡིན།

སེམས་པ་ནི་སྡར་མའི་བྲོས་ཤུལ་ན་ཟགས་པའི་གཅིན་གྱི་ཟིལ་བ་ཞིག་ཡིན།

སེམས་པ་ནི་གདོན་གྱི་བཟི་ཁ་ལས་གྲོལ་བའི་ཚངས་པའི་འཕྲུལ་འཁོར་ཞིག་ཡིན།

སེམས་པ་ནི་གཞན་གྱི་སྟོབས་འབྱོར་ལ་གཟེར་བའི་ནད་ཀྱི་འབུ་ཕྲ་ཞིག་ཡིན།

སེམས་པ་ནི་རློམ་དང་ཧམ་པ་ལས་སྐྱེས་པའི་སེམས་བསྐྱེད་ནག་པོ་ཞིག་ཡིན།

སེམས་ཀྱི་སྣང་བ།

སེམས་པ་ནི་གཞིས་ཀའི་ཚོམས་སུ་གཤོག་སྣེ་ཐོགས་ཡོད་པའི་ཁྱུང་ཁྲ་ཞིག་ཡིན།

སེམས་པ་ནི་མཛའ་བོའི་ཞལ་ལ་སྒྲོས་ཉམས་ཤོར་ཟིན་པའི་གཡོན་མ་ཞིག་ཡིན།

སེམས་པ་ནི་གདུང་བའི་འཕྲང་ལ་སེན་མོས་བྲད་མྱོང་བའི་འབྱུང་པོ་ཞིག་ཡིན།

སེམས་པ་ནི་གཡང་གཟར་པོ་ནས་ལྷེབ་སེ་ལྕེབས་ཐུབ་པའི་དཔའ་རྟུལ་ཞིག་ཡིན།

སེམས་པ་ནི་སྒང་གཞོངས་སོ་སོར་མྱུལ་འགྲོ་བའི་ཆོམ་པོ་རྐང་ཐང་ཞིག་ཡིན།

སེམས་པ་ནི་གསེར་གྱི་ཁྲི་འཕང་ལ་སྙེག་པའི་ཤེས་བརྩོན་རྣལ་མ་ཞིག་ཡིན།

སེམས་པ་ནི་འདི་ཕྱི་མགོ་རྟིང་དུ་སློག་པའི་གླང་ཆེན་སྨྱོན་པ་ཞིག་ཡིན།

སེམས་པ་ནི་ཡངས་པའི་འཇིག་རྟེན་ལ་ཁྱབ་པའི་ཀུན་གསལ་དབང་པོ་ཞིག་ཡིན།

སེམས་པ་ནི་ཤེས་བྱ་ཇི་སྙེད་ཅིག་མཐོང་བའི་དཔེ་དེབ་ཆེན་པོ་ཞིག་ཡིན།

སེམས་པ་ནི་མཐར་ཐུག་སྨིན་གྲོལ་དུ་འགོད་པའི་གྲུ་གཟིངས་ཆུང་ཆུང་ཞིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1