བོད་ལྗོངས་སྨར་ཁམས་ཀྱི་གནས་མི་འདྲ་བ་བརྒྱད་ནས་སྤུར་རྒྱལ་དུས་སྐབས་ཀྱི་བརྐོས་རིས་གསར་རྙེད་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-11


        སྤྱི་ཟླ་དང་པོའི་ཚེས་8ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་སྨར་ཁམས་རྫོང་རིག་དངོས་ཅུས་ཀྱིས་བསྒྲགས་དོན། ཉེ་ལམ་སྨར་ཁམས་རྫོང་ཁོངས་ཀྱི་ས་གནས་མི་འདྲ་བརྒྱད་ནས་སྤུར་རྒྱལ་དུས་སྐབས་ཀྱི་རྡོ་བརྐོས་གསར་རྙེད་བྱུང་ཞིང་དེ་ནི་བོད་ལྗོངས་ཁྱབ་ཁོངས་སུ་མཉམ་འདུས་ཅུང་ཆེ་ཞིང་མ་ལག་ལྡན་པའི་སྤུར་རྒྱལ་དུས་སྐབས་ཀྱི་ནང་བསྟན་གྱི་གནའ་རྫས་དང་སྒྱུ་རྩལ་ཤུལ་བཞག་ཏུ་ངོས་འཛིན་བྱེད། 
        འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་གསར་རྙེད་བྱུང་བའི་བརྐོས་རིས་དག་ནི་ནང་བསྟན་དང་འབྲེལ་ཆེ་ཞིང་། གཟུགས་བརྙན་མང་ཆེ་བ་ནི་འབུར་བརྐོས་སམ་ཡང་ན་སྲིབ་ཐིག་རིས་བརྐོས་ཡིན་པ་དང་། གཟུགས་བརྙན་གྱི་ཆ་ལུགས་ནི་མང་ཆེ་བ་ཐོར་ལྕོག་མཐོ་ཞིང་དབུ་ཞྭ་གྱོན་པ། ལུས་ལ་གོང་བ་ཟུར་གསུམ་གྱི་ཕྱུ་པ་གྱོན་ཡོད་པས། སྤུར་རྒྱལ་དུས་སྐབས་ཀྱི་སྐུ་དྲག་དང་བཙན་པོ་དག་གི་ཆ་བྱད་དང་བརྐོས་རིས་ཡིན་པ་དཔག་ནུས་ཞེས་བསྟན། 

        སི་ཁྲོན་སློབ་གྲྭ་ཆེན་མོའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་གཞོན་པ་ཀྲང་ཡན་ཆིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན་ཐེངས་འདིའི་ས་གནས་མི་འདྲ་བ་བརྒྱད་ནས་རྙེད་པའི་རྐོས་རིས་དག་ནི་དུས་རབས་བརྒྱད་པའི་དཀྱིལ་དང་དུས་རབས་དགུ་བའི་སྟོད་དེ་ཁྲི་སྲོང་ལྡེ་བཙན་ནས་ཁྲི་ལྡེ་སྲོང་བཙན་བར་གྱི་བརྐོས་རིས་ཡིན་པར་བཞེད། 

        ཐེངས་འདིར་རྟོག་ཞིབ་བྱས་པའི་སྤུར་རྒྱལ་དུས་སྐབས་ཀྱི་ས་གནས་མི་འདྲ་བ་བརྒྱད་ཀྱི་བརྐོས་རིས་དག་ནི་གཙོ་བོ་གཙོ་བོ་འཇང་མི་རིགས་ཤང་དང་། སྤང་མདའ་ཤང་། སྒར་ཐོག་གྲོང་རྡལ་བཅས་སུ་གཅིག་བསྡུས་ཀྱིས་ཁྱབ་ཡོད་པ་དང་། རྡོ་བརྐོས་དེ་དག་བྲག་བརྐོས་གཟུགས་བརྙན་དང་། བརྐོས་དཀྲོལ་ལངས་གཟུགས་སྐུ་བརྙན། བྲག་བརྐོས་བོད་ཡིག་བརྡ་རྙིང་ཞལ་བྱང་། མ་ཎི་རྡོ་བརྐོས་བཅས་རིགས་བཞི་འདུས་པ་རེད། 
        ནང་བསྟན་སྒྱུ་རྩལ་གྱི་ངོས་ཐད་ནས་གླེང་ན་སྨར་ཁམས་རྫོང་གི་རྐོས་རིས་ལས་སྤུར་རྒྱལ་དུས་སྐབས་ཀྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་མཚོན་ཐུབ་པར་མ་ཟད། བོད་ལྗོངས་ཀྱི་གནའ་བོའི་འགྲིམ་འགྲུལ་གྱི་འོད་སྟོང་འབར་བའི་ཤུལ་བཞག་གལ་ཆེན་དག་ར་སྤྲོད་བྱེད་ཐུབ། དེ་མིན་གཞན་བོད་དང་ཉེ་འགྲམ་མི་རིགས་བར་གྱི་རིག་གནས་དང་དཔལ་འབྱོར། ཆོས་ལུགས་དྲིལ་བསྒྲགས་སོགས་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་དོན་སྙིང་གལ་ཆེན་ལྡན་པ་རེད། །


རྩོམ་ཡིག་རྗེས་མ།
སྤྱིའི་དེབ་142པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1