ཆབ་ཆ། གསེར་ཆེན་རི་བོའི་འདབས་རོལ་ན་ཆགས་ཡོད།
རླུང་གི་ལག་པས་ཟ་ཁང་གི་སྒོ་བྱང་སྒུལ་དུས།
ཕ་ཡུལ་གྱི་ཡོ་འབོག་སྡོང་བོ་དེ་དྲན་ཞིང་།
ཡོ་འབོག་སྡོང་བོ་དེ།
བསིལ་རླུང་གིས་གཡོ་བ་དང་མི་མཚུངས་པ་དྲན།
དྲན་སྣང་དེ་ཆབ་ཆ་ནས་བསྐུར་པའི་གླུ་ངག་ཡིན་ན།
ཕ་ཡུལ་གྱི་ལོ་ཏོག་སྙེ་མ།
བསིལ་རླུང་གི་འཇམ་ཤར་རེག་བཞིན་ལྡེམ་ལྡེམ་གཡོ་བ་ཨེ་ཡིན།
རླངས་འཁོར་ཤར་གཏོང་དེ་གང་ལ་བགྲོད་ཀྱིན་ཡོད།
ང་ཁྱེར་ནས་རྨ་ཆུའི་ཁུགས་སོར་བསྐྱོད་འདོད་ཡིན་ནམ།
ཏག་ཏག ཉམས་སྣང་དུ།
ངས་ཡུར་མ་ཡུར་བའི་བུ་མོའི་སྐད་ངག་ཅིག་གོ་བྱུང་།
དེ་ནི་ཕ་ཡུལ་གྱི་རྣང་ཞིང་བར་ནས་འོངས་པའི།
ནམ་རྒྱུན་མགོ་དཀྲིས་དམར་པོ་དཀྲིས་པའི་བུ་མོ་དེས་བླངས་པ་ཡིན་སྲིད།
ཧ་ཅང་འདྲིས་ཆ་དོད་པའི་གླུ་ངག་དེ།
ཡང་ན་ཕ་ཡུལ་གྱི་སྲིང་ཆུང་མའི་གཞས་གདངས་ཡིན་ཡང་སྲིད།
སྐྱ་ཀ་ཁྲ་མོ་ཞིག་བདག་གི་སྒེའུ་ཁུང་ཁ་རུ་བབས་བྱུང་།
རྡུལ་གྱིས་མ་ནོགས་པའི་གཤོག་སྒྲོ་དེ།
ང་ལ་བསྟན་ནས་ལན་འགའ་སྤྲུགས་པར་མ་ཟད།
ད་དུང་མཆུ་སྡེར་གྱིས་ས་ལ་བྱིལ་བྱིལ་འགའ་བྱས་བྱུང་།
ཁོ་ཕ་ཡུལ་གྱི་སྐྱ་ཀ་དང་ཨ་ན་མ་ན་རེད།
ངས་འཕྲིན་ཡིག་ཅིག་ཁོ་དང་བརྒྱུད་ནས་ཕ་ཡུལ་ལ་བསྐུར་ན་འདོད།
ཨ་མའི་གོ་རེ་ཐལ་བསྲེགས་མ་བཟའ་འདོད་ཡོད་ཚུལ་བརྗོད་ན་འདོད།
ཕ་ཡུལ་གྱི་མིང་སྲིང་ཚོའི་དགོད་སྒྲར་མཉན་འདོད་བརྗོད་ན་བསམ།
རི་ཆུ་ཁྲི་ཕྲག་གི་ཕ་རོལ་ནས། སྐྱ་ཀ་ཁྲ་མོས།
ང་ལ་རྫ་རྒན་རི་བོའི་དཔང་བསྟོད་དང་།
རྨ་ཀླུང་སྔོན་མོའི་གླུ་དབྱངས།
རྣང་ཞིང་གྲུ་བཞིའི་ནེམ་ལོ་བསྣམས་ཤིང་།
ད་དུང་ང་ལ་དྲན་སྣང་མོད་པོའི་འབོད་པ་ཁྱེར་ཡོང་དུས།
ཏག་ཏག་ང་ཆབ་ཆ་ན་ཡོད།
ཆབ་ཆ་ན་དྲན་སྣང་གིས་འཚོས་ཡོད།