རྩོམ་རིག་ཅེས་པ་ནི་དཔེ་དོན་གཏམ་གསུམ་གཙོས་ཏེ་ཚིག་གི་སྒྱུ་རྩལ་ལས་བཞེངས་པའི་རྟོག་སྣང་གི་འཇིག་རྟེན་ཞིག་ཡིན་ཕྱིན། རྩོམ་རིག་གི་རྗོད་བྱེད་ནི་རྩོམ་རིག་མ་ཡིན་པའི་རྗོད་བྱེད་ལས་ལོགས་སུ་དགར་བ་ཞིག་ཡིན་དགོས། དེ་ནི་ངག་གི་སྒྱུ་རྩལ་ཞིག་ཡིན་པས། སྤྱིར་བཏང་གི་ཕལ་སྐད་ལབ་བརྡོལ་འབྱིན་པ་ཞིག་དེ་བས་ཀྱང་ཡིན་མི་རུང་། རྩོམ་རིག་གི་རྗོད་བྱེད་ནི་ཕ་རོལ་པོ་ལ་གོ་བརྡ་སྤྲོད་སྤྱད་ཙམ་དུ་གྱུར་ན། རྩོམ་རིག་མ་ཡིན་པའི་རྩོམ་གྱི་རྗོད་བྱེད་དང་ཁྱད་པར་ཅི་ཡང་མེད་པར་འགྱུར་འགྲོའོ།།ལྷུག་རྩོམ་དང་སྙན་ངག སྒྲུང་གཏམ། ཟློས་གར་བཅས་ལས་རྩོམ་ལུས་གང་ཞིག་ཡིན་ཡང་། དེའི་རྗོད་བྱེད་ནི་ངག་གི་འགྲོས་དང་མཐུན་པའི་དབྱངས་ཀྱི་འགྱུར་ཁུགས་ལྡན་པ་ཞིག་ཡིན་དགོས་པ་ལས། དཔྱད་རྩོམ་དང་སྙན་ཞུ་རྩོམ་ཡིག་གི་རྗོད་བྱེད་ནང་བཞིན། ཚིག་ཕྲད་ཀྱིས་མུ་སྦྲེལ་པ་ཞིག་གཏན་ནས་ཡིན་མི་རུང་། རྩོམ་རིག་ནི་མ་གཞི་ནས་ཡིད་ཀྱི་བདེ་སྡུག་གླུ་རུ་ལེན་པའི་ཞོར་དུ། རིག་གནས་ཀྱི་སྣང་ཚུལ་བརྗོད་པ་དང་ཆབས་ཅིག སྤྱི་ཚོགས་ཀྱི་གནས་བབ་རྟོག་བརྙན་དུ་བཞེངས་པ་ཞིག་ཡིན་པ་མ་གཏོགས། བསྒྲུབ་བྱ་གང་ཞིག་ལུང་རིགས་གཉིས་ཀྱི་སྒོ་ནས་ཚུལ་གསུམ་ཚང་བར་བསྒྲུབས་པའི་ཚིག་འགྲོས་སྐྱ་བོ་ཞིག་མིན་ལ། གནད་དོན་གང་ཞིག་དོན་རྐྱང་གི་སྒོ་ནས་གོང་རིམ་གྱི་སྙན་ལམ་དུ་ཤར་རྒྱག་འབུལ་བ་ཞིག་ཀྱང་མིན། རྩོམ་རིག་གི་རྗོད་བྱེད་ནི་ཡིད་ཀྱི་ཆགས་སྡང་གཟུགས་སུ་འཆར་བྱེད་ཅིག་ཡིན་ཕྱིར། ཡིད་འགྱུ་ངག་ལས་ཐལ་དུས་རྗོད་བྱེད་ཀྱི་ཚོགས་ཐམས་ཅད་ཆར་བ་མཁའ་ནས་འབབ་པ་ཇི་བཞིན་འཁྱོངས་དགོས། ཆར་ཐིགས་རེ་རེ་སོ་སོར་འབབ་པས་ཕན་ཚུན་མ་འདྲེས་མོད། ས་རུ་བབས་ཚེ་སླར་ཡང་ཆུ་བོ་གཅིག་ཏུ་འགྱུར་བ་ལྟར། རྩོམ་རིག་གི་ཚིག་རྐང་རེ་རེ་ཕན་ཚུན་མ་འདྲེས་པར་བཀོད་ཅིང་རེ་རེར་གོ་བ་རེ་རེ་རྫོགས་པར་ལྡན། དེ་དག་ཕྱོགས་སུ་བསྡུས་ནས་བལྟས་ན། སླར་ཡང་བརྗོད་བྱ་འབྲེལ་ཆགས་པ་ཞིག་ཏུ་གྲུབ་འགྲོ་བ་ཞིག་ཡིན་དགོས། དེ་ནི་དཔེར་གཞན་ཞིག་གི་སྟེང་ནས་བཤད་ཚེ། བརྗོད་དོན་གྱི་ཕྲེང་སྐུད་གཅིག་ལ་རྗོད་བྱེད་ཀྱི་ཕྲེང་རིལ་མང་དུ་བསྟར་པ་ལྟ་བུ་རེད།
རྩོམ་རིག་ལ་ཀུ་རེ་རྩེ་མི་རུང་། ལྷག་པར་རྗོད་བྱེད་ཀྱིས་ཀུ་རེ་རྩེ་མི་རུང་། རྩོམ་རིག་ནི་རྗོད་བྱེད་ཕྱི་རིམ་ནང་རིམ་རིམ་པ་དགུ་རྩེག་ཅན་གྱིས་གྲུབ་ཕྱིར། ཕལ་སྐད་གང་ཞིག་རྩོམ་གྱི་རྗོད་བྱེད་དུ་བཀོད་པ་ཡིན་ཡང་། མི་སྣའི་ཡིད་འགྱུའི་རྣག་ཁྲག་ལྷོག་ལྷོག་ཏུ་ཁོལ་པ་ལས་ཐོན་པའི་ངག་ཚིག་བསླུ་མེད་ཅིག་ཡིན་དགོས་པ་མ་གཏོགས། མཛུབ་གུ་མི་ཆུད་རྡོ་སྲུབས་ལ་བཙངས་པ་ཇི་བཞིན། མི་འོས་ཤིང་འོས་པར་སྤྱད་པའི་ཕལ་སྐད་དང་ལུང་སྐད་བསྲེས་ན། དེ་ནི་རྩོམ་རིག་གི་སྐྱོན་སེལ་ལ་ཆེད་དུ་བསླངས་པའི་འབེན་ཞིག་ལས་ཅི་ཡང་ཡིན་མི་སྲིད། ཐ་ན་རྩོམ་གྱི་སྲོག་དབང་འཕྲོག་པར་བྱེད་པའི་རྗོད་བྱེད་ཀྱི་སྐྲན་ནད་དུའང་འགྱུར་སྲིད།
རྩོམ་རིག་གི་རྗོད་བྱེད་ནི་རྩོམ་པ་པོ་བློ་སྦྱོང་ཡོད་པ་ཞིག་གི་ངག་ལས་ཐལ་ཏེ། ཡི་གེར་བཀོད་མ་ཐག་པ་དེར་ལྷད་མ་ཞུགས་པ་ཞིག་ཡིན་མོད། བརྩམས་ཆོས་གསོན་པོ་གང་ཞིག་རྩོམ་སྒྲིག་པ་རང་ཡན་པ་འགའི་ལག་ཏུ་བརྒྱུད་རྗེས། རྨས་སྐྱོན་ཐེབས་པའི་རྩོམ་ལུས་ཨ་ཐང་ཆད་ནས་འདུག་པར་གྱུར་པ་མང་།
རྩོམ་རིག་མ་ཡིན་པའི་རྗོད་བྱེད་ཅན་དུ་གྱུར་པ་དེ་བས་ཀྱང་མང་།
ཁ་ཅིག་གིས་རྩོམ་རིག་དང་རྩོམ་རིག་མ་ཡིན་པའི་ཁྱད་པར་མ་རྟོགས་པར། ཡིག་སྐད་དུ་བྲིས་ པའི་ཚིག་ཐམས་ཅད་རྩོམ་རིག་གི་རྗོད་བྱེད་ཡིན་པར་སྙམ་འདུག དེ་ནི་རྩོམ་རིག་དང་ལོ་རྒྱུས་དང་སྙན་ངག་གསུམ་སོ་སོར་མ་ཕྲལ་པའི་སྐབས་ཀྱི་ལྟ་བ་ཞིག་ཡིན་སྲིད་ཀྱང་། རྩོམ་རིག་ཅེས་པའི་རིག་ཚན་གྱི་མ་ལག་ཅིག་ཁེར་ཚུགས་སུ་ཆགས་ཡོད་པའི་དུས་སུ་སླེབས་ཚེ། ཡིག་ཐོག་ཏུ་བཀོད་ཚད་དང་ཡིག་སྐད་ཡིན་ཚད་རྩོམ་རིག་གི་རྗོད་བྱེད་ཡིན་པར་འདོད་པ་དེ་ནི་བློ་ཞིབ་མོས་མ་བརྟགས་པའི་སྐྱོན་ནོ། །རྩོམ་རིག་གི་རྗོད་བྱེད་ནི་ཡིག་སྐད་ཡིན་པས་མ་ཁྱབ་ལ་ཕལ་སྐད་མ་ཡིན་པས་ཀྱང་མ་ངེས། རྩོམ་རིག་གི་རྗོད་བྱེད་ནི་གོ་དཀའ་བ་ཡིན་པས་མ་ངེས་ལ། གོ་སླ་བ་མ་ཡིན་པས་ཀྱང་མ་ངེས་མོད། རྩོམ་རིག་གི་རྗོད་བྱེད་ནི་དཔེ་དོན་གཏམ་གསུམ་ལ་བརྟེན་ནས་སྒྱུ་རྩལ་གྱི་རྟོག་བརྙན་འགྲུབ་བྱེད་ཅིག་ཡིན་པར་ཁ་ཚོན་བཅད་ཆོག་སྟེ།“ཆོས་མཐུན་དཔེ་ཡིས་མ་མཚོན་པའི། །ཚིག་སྡེབ་སྦྱོར་མཁས་ཀྱང་སྒྲ་སྙན་ཡིན”①ཞེས་གསུངས་པས། དཔེ་དོན་འོ་ཆུ་བཞིན་དུ་འབྲེལ་ཆགས་དགོས་པ་ལས། ཚིག་ལ་སྙན་ཆ་ཡོད་པ་ཙམ་གྱིས་རྩོམ་རིག་གི་རྗོད་བྱེད་ལེགས་པོ་མི་འཁྱོངས་པ་རྟོགས་ཐུབ། དེ་བཞིན་དུ་རྩོམ་རིག་གི་རྗོད་བྱེད་ལ་དཔེ་རྒྱན་སོགས་ཚིག་རྒྱན་གྱིས་བྱུར་བུར་གཏམས་ཤིང་དབྱངས་ཀྱི་སྡེབ་སྦྱོར་ཇི་ལྟར་ཕྱུག་པར་བྱས་ཀྱང་།“དོན་བདེན་པའི་ཚིག་དང་མ་འབྲེལ་ན། །གླུ་གྲེ་འགྱུར་སྙན་ཡང་པི་ཝང་ཡིན”②པས། རྩོམ་རིག་གི་རྗོད་བྱེད་ནི་གོ་དཀའ་སླ་གང་དུ་བྱས་རུང་། ནམ་ཡང་མི་ནུབ་པའི་མན་ངག་ཅིག་ནི།“ཚིག་ཡག་པ་གསེར་གྱི་བུམ་བཟང་ལ། །དོན་བཟང་བོ་གངས་སེང་འོ་མ་བཞིན”③ཞེས་པའི་གསུང་ཚིག་ལས་གཞན་བཙལ་ཀྱང་རྙེད་རྒྱུ་མེད་དོ།།
ཁ་ཅིག་གིས་བོད་ཀྱི་རྩོམ་རིག་གི་རྗོད་བྱེད་ལ་ལྷག་བཅས་སོགས་ཚིག་ཕྲད་ཀྱིས་མུ་སྦྲེལ་ནས་ཡོད་པ་ནི་བོད་སྐད་ཀྱི་ཁྱད་ཆོས་ཤིག་ཡིན་པ་ལས། རྗོད་བྱེད་སྤེལ་སྟངས་ཀྱི་ཞན་ཆ་ཞིག་མིན་པར་འདོད་མོད། བོད་སྐད་ལ་ཚིག་ཕྲད་ཇི་ལྟར་མང་བ་ཇི་བཞིན་དུ་བྱ་བའི་མིང་ཡང་དེ་ལྟར་དུ་མང་ཕྱིར། རྩོམ་པ་པོ་གྲགས་ཅན་རྣམ་པའི་བོད་རྩོམ་སྔ་མ་དག་གི་རྗོད་བྱེད་ནི་ཚིག་ཕྲད་ཀྱིས་མུ་སྦྲེལ་པ་ཞིག་མིན་ཏེ། རྗོད་བྱེད་གྲིམ་ཞིང་ཐུང་ལ་ངག་གི་གདངས་འགྲོས་དང་མཐུན། ཚིག་རྐང་རེ་རེའི་མཐར་བྱ་བའི་མིང་གིས་ལེགས་པར་ཆོད་ཡོད་དེ། དཔེར་ན། རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གིས“……འོན་ཏང་བོད་ཀྱི་ཁ་དཔེར། མི་ཡུལ་འོད་ཀྱིས་བརྒྱངས། རང་ཡུལ་མུན་པར་ལུས་ཟེར་བ་བཞིན་ཏེ་ཕྱི་ནང་ཀུན་ན་འགལ་རྐྱེན་གྱི་རླུང་དམར་དྲག་ཏུ་འཚུབ། རང་ཟོན་སྐྱེ་བོ་མ་རབས་ཀྱི་མགོ་འཕང་རི་ལས་མཐོ། ཉིན་རེའི་བླང་དོར་རགས་པ་ལའང་བློ་མི་འཇུག་པའི་རྟུལ་བོ་དག་ཀྱང་གྲོས་ལ་དབང་། རྨོངས་པ་ལུག་བོང་གི་ཟླ་བོར་འོས་པ་འགའ་ཡང་མཁས་ཁུར་ང་སྙམ་ཡིན་རློམ་གྱིས་འགྱིང་། མིའི་ནང་ན་ལྕེ་གཉིས་དང་འཕྲུལ་གྱི་ནང་ན་རྒྱུ་ནོར་ནུས་པས་སྙེམས། གོང་ས་སྲིད་ཞིའི་མགོན་པོ་ནི་དུས་ཀྱིས་ནོངས། ཀུན་གཟིགས་སྣང་མཐའི་ཉི་མ་ནི་བྱང་ཤར་ལ་འཁོར། རེ་བ་ཅན་རྣམས་ཀྱི་སྙིང་ག་ནི་ཆུ་ལྟར་གྲང་། གཡོ་ཁྲམ་ཅན་གྱི་ལམ་རྒྱུག་ནི་གློག་ལས་མྱུར། མགོ་མང་རྣམས་ཀྱི་ཤིརྵ་ནི་ཏིང་ཏིང་དུ་འཁྱུག དད་པ་ཅན་རྣམས་ཀྱི་ཇུས་ཀ་ནི་སྐམ་ལ་ཕྱོགས། མེ་ཤེལ་དང་རིང་བའི་སྤྲ་བ་ནི་འབར་རུང་གི་ས་བོན་ཙམ། ཁ་བ་ཅན་གྱི་བདེ་སྐྱིད་ནི་རྩྭ་རྩེའི་ཟིལ་བའི་གོ་འཕང་ལ་ཉེ་བས་ཀྱེ་མ་ཀྱི་ཧུད……”ཅེས་པཎ་ཆེན་སྐུ་གོང་མ་རྒྱ་ནག་ཏུ་བཞུགས་པ་ལ་ཕུལ་པའི་ཕྱག་རྩོམ་ལྟ་བུ་རེད། དེའི་ཕྱིར། བོད་སྐད་ལ་ཚིག་ཕྲད་མང་བར་ཁ་གཡར་བ་དེའང་རང་གིས་མ་འཇོན་པའི་གནད་དོན་དག་གཞན་རྐྱེན་དུ་ཁག་དཀྲི་བ་ཙམ་རེད། ད་དུང་བྱ་བའི་མིང་གི་སྦྱོར་བ་མ་བསླབས་པ་སྐོར་ཞིག་གིས། བྱ་བའི་མིང་གཉིས་གསུམ་རེ་ལྷན་དུ་བསྡེབས་ནས་སྐད་རིགས་གཞན་གྱི་རྗེས་སུ་འབྲང་བཞིན་པ་དེའང་མ་བསླབས་འོལ་ཚོད་བགྱིས་པ་ཤ་སྟག་ཡིན་པ་ལས་གནས་ལུགས་གཞན་བཙལ་རྒྱུ་མེད། དེང་སང་གི་དུས་དེབ་དང་ཚགས་པར་ཁག་ཅིག་ཏུ་སྤེལ་པའི་ཕལ་སྐད་ཁོ་ནར་གཞོལ་བའི་རྗོད་བྱེད་དེ་དག་ནི་རྩོམ་རིག་མ་ཡིན་པའི་རྗོད་བྱེད་དང་ཁྱད་པར་ཤིན་ཏུ་ཕྲ་བས། རྩོམ་རིག་གི་རྗོད་བྱེད་ནི་འདི་དང་རྩོམ་རིག་མ་ཡིན་པའི་རྩོམ་གྱི་རྗོད་བྱེད་ནི་དེའོ་ཞེས་མཛུབ་མོ་བཙུགས་ནས་མཚན་གཞི་བསྟན་དུ་དཀོན་པར་སྣང་མོད། དུས་དེབ་ཚད་ལྡན་ཁག་ཅིག་ཏུ་བཀོད་པའི་བརྩམས་ཆོས་ལེགས་གྲས་ཁ་ཤས་གདམ་གསེས་བགྱིས་ཏེ་ཞིབ་པར་བརྟགས་ན། རྩོམ་རིག་གི་རྗོད་བྱེད་ནི་དྲང་བརྗོད་དང་འཁྱོག་བརྗོད་གཉིས་ལས་འཁྱོག་བརྗོད་ལ་གཞོལ་ཆེ་ཕྱིར།ཀ་རྩོམ་སོགས་རྩོམ་རིག་གི་རིགས་སུ་གཏོགས་པ་གང་ཞིག་ཡིན་ཡང་། མངོན་བརྗོད་དང་ཚིག་རྒྱན་སོགས་གང་ལ་གང་འཚམ་གྱིས་བེད་སྤྱད་འདུག ཐ་ན་དྲང་བརྗོད་ཀྱི་སྒོ་ནས་མཛད་པའི་དོན་བརྗོད་ལྷུག་རྩོམ་ཞིག་ཡིན་ནའང་། སྡེབ་སྦྱོར་གྱི་རིག་པར་བརྟེན་ནས་རྗོད་བྱེད་དབྱངས་འགྲོས་ཀྱིས་ཕྱུག་པ་ཞིག་ཏུ་གཏང་དགོས། དེ་ལྟར་མིན་ཚེ། རྩོམ་རིག་མ་ཡིན་པའི་དོན་བརྗོད་གསར་འགྱུར་དང་ཁྱད་པར་མེད་པར་འགྱུར་འགྲོ་ངེས། དཔེར་ན། དུས་དེབ་ཁ་ཅིག་གི་སྒྲུང་གཏམ་དུ“ལས་གྲོགས་ཚོས་ང་ལ་ཀུ་རེའི་ཚུལ་དུ་སྨན་པ་གནམ་ཁོ་ནི་དཔལ་འབྱོར་ཡོང་སྒོ་གཙིགས་ཆེན་བྱེད་པའི་མི་ཞིག་རེད་དེ། ཁོས་ནད་ཆེ་ཆུང་ཅི་ཞིག་ལའང‘གནམ་ཁབ་ཅིག་བརྒྱག་དགོས་རྒྱུ་རེད’ཟེར་བ་ནི་ཁ་རུ་ཉར་བའི་མན་ངག་ཅིག་ཡིན་ལ། གནམ་ཁབ་རེ་བརྒྱབ་ན་སྒོར་ཉི་ཤུ་སུམ་ཅུ་ལྷག་དགོས་པ་ཡིན་པས། ཁྱོད་སྒོར་མོར་སེར་སྣ་ཆེ་ན་ཁོའི་གམ་དུ་མ་འགྲོ་ཟེར……”ཞེས་སོགས་བཀོད་པ་ལྟ་བུ་ནི། རྩོམ་རིག་གི་རྗོད་བྱེད་དུ་ཨུ་ཚུགས་ཀྱིས་བཞག་པ་མ་གཏོགས། རྩོམ་རིག་མ་ཡིན་པའི་རྗོད་བྱེད་ལས་ལོགས་སུ་དགར་མི་ནུས། སྒྲུང་གཏམ་གྱི་མི་སྣའི་གཏམ་གླེང་ལྷུག་བརྗོད་དུ་བསྲེས་པ་ནི་ལྷག་ཏུ་མི་འཚམ་པའི་རྗོད་བྱེད་ཅིག་གོ །ད་དུང་སྙན་ངག་གི་རྗོད་བྱེད་དུ“དེ་རིང་ཞོགས་པར་མལ་ལས་ལྡང་དུས། །སྐྱ་ཀ་ཞིག་གིས་ཅག་ཅག་བྱས་ཏེ། །རྣམ་རྟོག་ཨེན་ཙམ་འཁྲུགས་མདོག་བྱས་ཀྱང་། །སྙིང་བོ་མེད་ལ་དོགས་བློ་ཅི་ཡོད”ཅེས་པ་ལྟ་བུ་སོགས་ལའང་ཞིབ་ཏུ་བརྟགས་ན། སྙན་ངག་གི་རྗོད་བྱེད་ཅིག་ཨེ་ཡིན་སྙམ་པའི་དོགས་བློ་དང་། ཤར་མར་བརྡོལ་པའི་མགུར་ཚིག་ཏུ་ལད་མོ་བྱས་པ་འཁྱོངས་མི་འདུག་ཨང་སྙམ་པའི་དགོད་རྒྱུ་ཞིག་མཉམ་དུ་ཐོན་འོངས་པ་ལྟ་བུས་རེ་ཞིག་འཐུས་པར་བྱས་སོ། །མ་གཞི་རྩོམ་གང་ཞིག་རྩོམ་རིག་ཡིན་མིན་ནི་བརྗོད་བྱའི་ནང་དོན་བདེན་པ་ཡིན་མིན་གྱི་སྟེང་ན་ཡོད་པ་མ་ཡིན་ཏེ། རྩོམ་གང་དེའི་རྗོད་བྱེད་ལ་སྒྱུ་རྩལ་གྱི་བྲོ་བ་ཡོད་མེད་ཀྱིས་བསྟན་པ་ཡིན། དེའི་ཕྱིར། རྩོམ་རིག་གི་རྗོད་བྱེད་དང་སྒྱུ་རྩལ་གཉིས་ནི་ནམ་ཡང་ཕན་ཚུན་ཅ་འབྱིད་མེད་པར་གནས་ཡོད། འདིར་བཤད་པའི་སྒྱུ་རྩལ་ཞེས་པའང་ཚིག་གི་སྒྱུ་རྩལ་ལ་གོ་བ་ཡིན་ཏེ། ཀློག་པའི་སྐབས་སུ་ངག་གི་གདངས་འགྲོས་དང་མཐུན་པས་ཁ་རུ་འདོན་བདེ་ཞིང་རྣ་བར་ཉན་སྤྲོ་སྟབས། ཚིག་ཉམས་དབྱངས་འགྲོས་ཀྱིས་ཕྱུག་པ་དང་།
བརྗོད་དོན་གྱི་རྟོག་བརྙན་བཞེངས་པ་གསོན་པོའི་ཉམས་དང་ལྡན་པས། དོན་ཉམས་མིག་ལ་སྣང་རྒྱུ་ཡོད་པ་དང་ལག་པས་རེག་རྒྱུ་ཡོད་པ་ལྟར་དུ་གྱུར་པ་ནི་རྩོམ་རིག་གི་རྗོད་བྱེད་སྒྱུ་རྩལ་ལོ།།
གཉིས་པ། རང་མཚན་གྱི་གཏམ།
མིག་སྔར་འཛམ་གླིང་སྤྱིའི་རྩོམ་རིག་ལ་རིགས་དབྱེ་སྟངས་རྣམ་པ་ཆེན་པོ་གཉིས་མཆིས། གཅིག་ནི་རིགས་བཞི་སྨྲ་བའི་ལུགས་དང་། ཅིག་ཤོས་ནི་རིགས་གསུམ་སྨྲ་བའི་ལུགས་རེད། རྩོམ་རིག་རིགས་བཞི་སྨྲ་བ་ནི། སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ། ཟློས་གར་བཅས་སོ། །རྩོམ་རིག་རིགས་གསུམ་སྨྲ་བ་ནི། དོན་བརྗོད་རྩོམ་རིག་དང་དུངས་བརྗོད་རྩོམ་རིག ཟློས་འཁྲབ་རྩོམ་རིག་བཅས་སོ། །བོད་རང་ལ་མཚོན་ན། རྗོད་བྱེད་སྒྱུ་རྩལ་སྤེལ་སྟངས་ཀྱི་ཐད་ནས་གོང་གི་རིགས་འབྱེད་ལུགས་གཉིས་སུ་བསྡུ་མི་འོས་པའི་རྩོམ་རིག་གི་རིགས་མགུར་མ་དང་། ཀ་རྩོམ་དང་།
ལེགས་བཤད། བསླབ་བྱ་བཅས་ཡོད། དེ་དག་ལ་རང་རྐྱ་འཕེར་བའི་རྗོད་བྱེད་སྤེལ་སྟངས་རེ་ལྡན་ཕྱིར། འདིར་བྱེ་བྲག་གཤིབ་སྡུར་གྱིས་བལྟ་དགོས།
མགུར་མ་ནི་མགུར་བཞེངས་མཁན་གྱིས་སྐབས་ཐོག་གི་གནས་ཚུལ་ལ་དམིགས་ནས་ཡིད་ཀྱི་ལྟ་གྲུབ་མགུར་རྟ་རུ་དྲངས་ཏེ་བཞེངས་པ་ཡིན་ཕྱིར། མགུར་མའི་རྗོད་བྱེད་ནི་གོ་སླ་ཞིང་སྡེབ་སྦྱོར་རང་དབང་ཅན་དུ་གྱུར་ཡོད་པས། 《 སྙན་ངག་མེ་ལོང་མ》ཡི་གཞུང་ལྟར་བརྩམས་པའི་ཚིགས་བཅད་སྙན་ངག་ཇི་བཞིན་སྒྲིག་གཞི་ཚགས་དམ་པ་ཞིག་མ་ཡིན་པར། དམངས་ཁྲོད་ཀྱི་གླུ་ཚིག་གི་ཁྱད་ཆོས་དང་འདྲ་ས་ཅུང་ཞིག་མཆིས། དཔེར་ན། འབྲུག་པ་ཀུན་ལེགས་ཚང་གིས་བཞེངས་པའི“ས་ཡ་གི་ཕག་རི་ས་ནག་ན། །གཡག་མིང་ཅན་བརྒྱ་ལ་མིང་མེད་སྟོང་། །གཡག་ལས་ངན་ཅན་དེ་ཚོང་པའི་ལག་ཏུ་སླེབས། །རྣམ་རྒྱལ་དཔོན་པོ་བཟང་རུང་མི་འཁྱོངས་པར། །རྒྱབ་ཏུ་ཤ་ཐན་ལག་ཏུ་གཡག་ཆུང་སྙིང་རེ་རྗེ། །ༀ་དང་ཡིན་པས་མ་ཎི་པདྨེ་ཧཱུཾ”ཞེས་པ་ལྟ་བུའོ།།
ཀ་རྩོམ་གྱི་རྗོད་བྱེད་ནི་གསལ་བྱེད་སུམ་ཅུ་པོར་དབྱངས་བཞིའི་ང་རོ་ཞུགས་མིན་ཅི་རིགས་ཀྱིས་ཚིགས་བཅད་ཀྱི་རྐང་བ་སོ་སོའི་མགོ་མཇུག་བར་གསུམ་གང་རུང་དུ་གཏན་ཆགས་ཀྱིས་བཀོད་ཕྱིར། སྙན་ངག་རང་ག་བ་དང་མི་འདྲ། སྙན་ངག་ལས་ཀྱང་བྱ་དཀའ་བའི་སྒྲ་རྒྱན་ལ་གཞོལ་ཆེ། ཀ་བཤད་ཀྱི་རྗོད་བྱེད་ལ་བརྟེན་ནས་བསླབ་བྱའི་མན་ངག་གདམས་པའང་གདའ། དཔེར་ན། མཉམ་མེད་རྗེ་ཙོང་ཁ་པ་མཆོག་གིས་མཛད་པའི《 བྱ་དཀའི་སྙན་ངག་ཀ་རྩོམ་ཨོ་ཡིག་དབྱངས་ངེས》ཞེས་བྱ་བ་ལྟ་བུ་རེད། འདི་ནི་བོད་ཡིག་གི་ཁྱད་ཆོས་ལས་བྱུང་བའི་རྩོམ་རིག་གི་རྗོད་བྱེད་སྤེལ་སྟངས་ཐུན་མོང་མ་ཡིན་པ་ཞིག་ཀྱང་ངོ་།།
ལེགས་བཤད་ནི་བླང་དོར་གྱི་གནས་འདོམས་པའི་མན་ངག་ཅིག་ཡིན་ཕྱིན། ལེགས་བཤད་ཡིན་མིན་ནི་བརྗོད་བྱ་དོན་གྱི་ངོས་ཐད་ནས་ཁ་ཚོན་གཅོད་དགོས་པ་མ་གཏོགས། རྗོད་བྱེད་ཀྱི་ངོས་ཐད་ནས་འདི་ནི་ལེགས་བཤད་ཀྱི་རྗོད་བྱེད་དོ་ཟེར་རྒྱུ་མེད། དཔེར་ན། རྣལ་འབྱོར་པ་དྲི་མེད་བློ་གྲོས་ཀྱིས་མཛད་པའི《 ཆིག་རྒྱུད་མན་ངག་གི་ཡི་གེ་རིན་པོ་ཆེའི་མཛོད》ལྟ་བུར་ཆོས་ཀྱི་རྣམ་གྲངས་རྩོམ་ཐབས་ལྟར། དྲན་དགོས་པ་གསུམ་དང་ཡོད་དགོས་པ་གསུམ་སོགས་ཀྱི་རྣམ་གྲངས་བགྲང་བ་ཙམ་ཡིན། དེ་བཞིན་དུ་རྫ་དཔལ་སྤྲུལ་གྱིས་མཛད་པའི《 གཞོན་ནུ་བློ་ལྡན་གྱི་དྲིས་ལན་ལེགས་བཤད་བློ་གྲོས་སྙིང་བོ》 རུ། མི་གཤིས་ཀྱི་ཚུགས་ཐུབ་སོགས་ག་འདྲ་ཞིག་ཡིན་པའི་སྐོར་ཚིག་ལྷུག་གི་རྗོད་བྱེད་ལ་བརྟེན་ནས་མང་ཚོགས་ལ་ཁ་བརྡ་བྱེད་པ་ནང་བཞིན་གདའ་བས། 《 ས་སྐྱ་ལེགས་བཤད》སོགས་ཀྱི་རྗོད་བྱེད་སྤེལ་སྟངས་དང་རྦད་དེ་ཁ་ཁ་རེད། 《 དགེ་ལྡན་ལེགས་བཤད》སོགས་ནི་ཚིགས་བཅད་ཀྱི་ལུས་སུ་གྲུབ་པར་མ་ཟད། ཚིག་རྐང་སྔ་མ་གཉིས་དཔེ་ཅན་དང་། ཚིག་རྐང་ཕྱི་མ་གཉིས་དཔེ་རུ་ བཀོད་པ་ཁྱབ་ཆེ། ད་དུང་ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ལེགས་བཤད་དེ་དག་ཀྱང་། ཚིག་རྐང་སྔ་མ་དོན་དང་ཕྱི་མ་དཔེ་རུ་བྱས་ཏེ་ཚིག་རྐང་གཉིས་གཉིས་སུ་བཀོད་པས་སོ།།
བསླབ་བྱ་ནི་བླ་མ་ཞིག་གིས་རང་ཉིད་ཀྱི་སློབ་ཕྲུག་སོགས་ཡང་དག་ལམ་ལ་ཇི་ལྟར་འཇུག་ དགོས་པའི་གནས་ལུགས་གདམས་པ་གཙོ་ཆེ་ཕྱིར། རྗོད་བྱེད་གོ་སླ་བར་མཛད་ཡོད་པས། རྒྱན་གྱིས་བཅིངས་པའི་སྙན་ངག་གི་རིགས་སུ་མི་གཏོགས་མོད། ཤོ་ལོ་ཀ་རེ་གཉིས་ཀྱི་སྟེང་ནས་བལྟས་ན། སྙན་ངག་ལྟར་རྒྱན་གྱིས་བཅིངས་པའང་ཡོད། དཔེར་ན། བུ་སྟོན་རིན་ཆེན་གྲུབ་ཚང་གིས་མཛད་པའི《 གྲོས་འདེབས་སྙིང་ཐུར》དུ།“དགེ་ཚོགས་ས་གཞིར་དལ་འབྱོར་ལྗོན་ཤིང་སྐྱེས། །བསླབ་ཤེས་ཡལ་ག་འཆད་རྩོད་ལོ་འདབ་བཀླུབས། །ཚུལ་ཁྲིམས་མེ་ཏོག་སྙན་པའི་སྦྲང་རྩི་འཛིན། །གྲགས་པའི་དྲི་བསུང་ཕྱོགས་བཅུར་ལྡང་བ་ཡི། །བཤེས་གཉེན་དཔག་བསམ་སྡོང་བོར་རེ་བ་ལ། །ལེགས་བཤད་ཆར་འབབ་ཡོངས་འཛིན་སྤྲིན་ཚོགས་དང་། །མ་བྲལ་བཞིན་དུ་མེ་ཏོག་སད་ཀྱིས་ཁྱེར”ཞེས་བཀོད་པ་ལྟ་བུ་རེད། འདིར་རྒྱན་གྱིས་ལེགས་པར་སྤྲས་པར་མ་ཟད། ཤོ་ལོ་ཀ་གཅིག་ལ་ཚིག་རྐང་བདུན་གྱིས་གྲུབ་པར་བྱས་འདུག་པས། ཚིགས་བཅད་ཀྱི་རྩོམ་ལུས་སུ་མཛད་པའི་ལེགས་བཤད་དག་དང་བསྡུར་ན། རྗོད་བྱེད་འགོད་སྟངས་ཅུང་རང་དབང་ལྡན་པར་མཆིས་ཤིང་། སྙན་ངག་གི་བྲོ་བ་ཆེས་ཆེར་ལྡན་ནོ། །འོན་ཀྱང་། བསླབ་བྱ་སྤྱིའི་རྗོད་བྱེད་ནི་དྲང་བརྗོད་ཀྱི་ཐབས་ལ་བརྟེན་ནས་གོ་སླ་ཞིང་ཚིག་རྐང་མང་ཉུང་ལ་རང་དབང་ལྡན་པར་མཛད་པའི་ཚིགས་བཅད་སྙན་ངག་གི་ཁྱད་ཆོས་ཅན་དུ་གཏོགས་ཏེ། 《 བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག》དང་། 《 བསླབ་བྱ་ནོར་བུའི་ཕྲེང་བ》སོགས་གང་དུ་མཇལ་ཡང་དེ་ལྟར་རོ།།
སྙན་ངག་ལ་རྗོད་བྱེད་ཀྱི་རྩ་བའི་རྣམ་པའི་ཆ་ནས་བལྟས་ན། ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག་གཉིས་སུ་དབྱེ་རུང་། ཚིགས་བཅད་སྙན་ངག་གི་རྗོད་བྱེད་སྒྱུ་རྩལ་སྤེལ་སྟངས་ལ་དྲང་བརྗོད་དང་འཁྱོག་བརྗོད་གཉིས་མཆིས། དེ་གཉིས་ལས་གང་ཞིག་ཡིན་ཡང་། གྲོལ་རིགས་མཛོད་འདུས་བཞི་པོའི་རྩོམ་ཐབས་གང་རུང་ལ་བརྟེན་ནས་ཚིག་གི་ཆ་ཡ་གྲལ་འགྲིག་ཅིང་། སྒྲའི་ལྕི་ཡང་སྡེབ་ལེགས་པ། ཚིག་ལྷག་མེད་པས“རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར”④ནི་ཚིགས་བཅད་སྙན་ངག་གི་གོ་དོན་དུ་བཞག་གོ །རང་མོས་སྙན་ངག་ལའང་དྲང་བརྗོད་དང་འཁྱོག་བརྗོད་ཀྱི་རྩོམ་ཐབས་གཉིས་ཡོད་པར་བལྟ་རུང་སྟེ། རང་མོས་སྙན་ངག་ལ་གོ་དཀའ་སླའི་ཁྱད་པར་བྱུང་དོན་ཡང་རྩ་བའི་རྩ་བ་དེད་ན། རྩོམ་ཐབས་འདི་གཉིས་ལས་འཕེལ། འོན་ཀྱང་རང་མོས་སྙན་ངག་གི་རྗོད་བྱེད་ནི་ཡིད་ཀྱི་ཆགས་སྡང་ལ་བསྟུན་དྲགས་པས། ཚིག་གི་ཆ་ཡ་སྡེབ་སྟངས་དང་ཚིག་རྐང་གི་གཅོད་མཚམས་སོགས་གཏན་ཆགས་སུ་མ་མཆིས་ལ། རྗོད་བྱེད་རྐྱང་བའི་ཐད་ཀྱི་དབྱངས་འགྲོས་དེ་ཚིགས་བཅད་སྙན་ངག་ཇི་བཞིན་འཁྱོངས་མེད། ཡིན་ནའང“ཤུགས་དྲག་པའི་བརྩེ་དུངས་རང་བཞིན་གྱིས་ཕྱུང་བ”⑤ཡིན་ཕྱིར། བརྗོད་བྱའི་དོན་ལ་སྙན་ངག་གི་ཚོར་འདུ་ལྷམ་མེ་ལྷང་ངེར་ལྡན་ནོ།།
དོན་བརྗོད་ལྷུག་རྩོམ་དང་དུངས་བརྗོད་ལྷུག་རྩོམ་གང་ཞིག་ཡིན་ཡང་། རྗོད་བྱེད་ཚིག་གི་གཅོད་མཚམས་གཏམ་གྱི་འགྲོས་དང་བསྟུན་ཏེ་བཅད་ཕྱིར། ཚིག་རྐང་གི་རིང་ཐུང་དོ་མི་སྙོམས་མོད། རྗོད་བྱེད་གོ་སླ་ཞིང་བབ་ཆགས་པ་དང་། ཚིག་བསྡུས་ལ་དོན་འདུས་པའི་ཁྱད་ཆོས་ལྡན་པའི་ཁར། མུ་ཏིག་ཐུ་བར་ཐོར་པ་ལྟ་བུའི་རྣམ་པ་ཞིག་ཀྱང་མཆིས། ཁ་ཅིག་གིས་ལྷུག་རྩོམ་ཡིན་ན། ཚིག་ལྷུག་ལྷུག་ཏུ་བཀོད་པ་ཙམ་གྱིས་འཐུས་པར་སྙམ་སྟེ། ཚིག་ཕྲད་ཀྱིས་མུ་སྦྲེལ་པ་ནི་མ་བརྟགས་པའི་སྐྱོན་དུ་འགྲོ། དེ་ལྟར་བགྱིས་ན་རྩོམ་རིག་མ་ཡིན་པའི་རྩོམ་གྱི་རྗོད་བྱེད་དང་ཁྱད་མེད་དུ་འགྱུར་བའི་ཕྱིར་རོ། །ལྷག་པར་དུངས་བརྗོད་ལྷུག་རྩོམ་གྱི་རྗོད་བྱེད་ནི་རང་མོས་སྙན་ངག་གི་ཚིག་གཤིས་དང་ཤིན་ཏུ་ཉེ་མཚུངས་སུ་གྱུར་ཡོད་པས། དཔྱད་རྩོམ་དང་གཞུང་ཡིག་གི་རྗོད་བྱེད་ཀྱི་རྗེས་སུ་འབྲངས་མི་རིགས་ཏེ།“མཚན་ཉིད་རིག་པ་དང་། གཞུང་ལུགས་རྐྱང་བ་རྣམས་སུ། དོན་བདེན་པའི་གནས་ལུགས་ནི་ཆུ་ལས་བཙགས་ཏེ་བླངས་པའི་ཚྭ་ལྟར་དུ་གནས་ཤིང་། དོན་ཆིག་རྐྱང་བར་གྱུར་ཡོད། རྩོམ་རིག་སྒྱུ་རྩལ་གྱི་ཁྲོད་ན།དོན་བདེན་པའི་གནས་ལུགས་ནི་ཆུ་དང་ལྷན་ཅིག་འདྲེས་པའི་ཚྭ་ལྟར་དུ་གནས་པས། ཚྭ་ཡིན་ལ་ཆུ་ཡང་ཡིན། ཚྭ་ཆུ་མི་ཕྱེད་པར་གནས”⑥པས། རྩོམ་རིག་སྒྱུ་རྩལ་གྱི་རྗོད་བྱེད་ནི་ཚྭ་ཆུ་མཉམ་གནས་ལྟ་བུ་ཡིན་དགོས། དེ་བཞིན་དུ་དོན་བརྗོད་ལྷུག་རྩོམ་ལ་མཚོན་ནའང་ཚིག་སྡུད་ནི་གལ་ཆེ། དྲང་བརྗོད་ཀྱི་ཐབས་ལ་བརྟེན་ནས་བརྩམས་པའི་དོན་བརྗོད་ཚིགས་བཅད་སྙན་ངག་གི་རྗོད་བྱེད་དང་འདྲ་སྣང་ལྡན། གལ་ཏེ་ཉིས་ཤད་དོར་ཚེ། དོན་བརྗོད་ལྷུག་རྩོམ་གྱི་རྗོད་བྱེད་དང་ཁྱད་མེད་དུ་འགྱུར་འགྲོ་བ་ཤིན་ཏུ་མང་བས་ཕྱིར་རོ། །རྣམ་ཐར་ཕལ་ཆེ་བའི་རྗོད་བྱེད་དེ་ལྟར་དུ་གནས། ད་དུང་དུངས་བརྗོད་ལྷུག་རྩོམ་གྱི་རྗོད་བྱེད་ཁྲོད་དཔེ་དང་དཔེ་ཅན་འགོད་པ་དང་། གཟུགས་དང་གཟུགས་ཅན་འགོད་པ་སོགས་ཀྱི་རྩོམ་ཐབས་ཀྱང་རྒྱུན་ལྡན་ཡིན་པས། ལྷུག་རྩོམ་གྱི་རྗོད་བྱེད་ནི་རྩོམ་རིག་གི་རིགས་གཞན་དག་ལས་གསེས་ལེན་བྱས་པའི་སྣ་འཛོམས་རང་བཞིན་ཞིག་རེད་སྙམ།
སྒྲུང་གཏམ་གྱི་རྗོད་བྱེད་སྤྱི་རྩ་བའི་ཆ་ནས་མི་སྣའི་གཏམ་གླེང་དང་ལྷུག་བརྗོད་ཀྱི་རྗོད་བྱེད་ གཉིས་ཀྱིས་གྲུབ་འདུག སྒྲུང་རིང་དང་སྒྲུང་ཐུང་གང་ཞིག་ཡིན་ཡང་། མི་སྣའི་གཏམ་གླེང་གི་རྗོད་བྱེད་མི་སྣའི་རང་གཤིས་དང་མཐུན་པའི་ཕལ་སྐད་ཡིན་ངེས་པ་ལས། རྡོ་ཆག་བཙན་བསྒྲིགས་ཀྱི་ཕལ་སྐད་ལ་བཏུས་ལུང་བཏུས་ཡིན་མི་རུང་། མི་སྣའི་གཏམ་གླེང་གི་རྗོད་བྱེད་ཀྱིས་མི་སྣའི་ནང་སེམས་མཚོན་པར་ནུས་པ་ཐོན་ཡོད་པར་མ་ཟད། བྱུང་རིམ་འཕེལ་བར་སྒུལ་ཤུགས་ཐོན་འདུག མི་སྣའི་གཏམ་གླེང་གིས་བྱུང་རིམ་འཕེལ་བའི་ཁྲོད་དུ་མི་སྣའི་རང་གཤིས་ལྷང་ལ་འབུད་དུ་བཅུག་ཡོད་པས། ཀློག་པ་པོས་སྒྲུང་གཏམ་གྱི་བདེན་པ་རྙེད་ཐུབ། ལྷུག་བརྗོད་ཀྱི་རྗོད་བྱེད་ནི་ལྗོངས་ཉམས་དང་དོན་ཉམས་མངོན་སུམ་གསོན་ཉམས་ལྡན་པར་འགོད་པའི་ཚིག་ཡིན་པས། ཁ་གསལ་ལ་དོན་ཞིབ་པ་ཞིག་འཁྱོངས་དགོས། སྒྲུང་གཏམ་ནི་རྗོད་བྱེད་ཀྱི་བང་མཛོད་ཅིག་ཡིན་ཟེར་བ་ཇི་བཞིན། ལྷུག་བརྗོད་ཀྱི་རྗོད་བྱེད་ཀྱིས་རང་བྱུང་ཁོར་ཡུག་གི་ཆགས་ཚུལ་དང་སྤྱི་ཚོགས་ཁོར་ཡུག་གི་སྣང་ཚུལ་རྣམས་མངོན་སུམ་གསོན་ཉམས་ལྡན་པར་འབྲི་དགོས་ལ། མི་དང་སྲོག་ཆགས་ཀྱི་གཟུགས་བྱད་དང་འདུ་བྱེད་སོགས་ཕྱིའི་ཉམས་ཇི་ལྟར་འགྱུར་བ་དེ་ལྟར་དུ་དགོད་དགོས་པར་མ་ཟད། ཡིད་ཀྱི་བདེ་སྡུག་ཇི་ལྟར་འཁྲུག་བཞིན་པ་དེ་ལྟར་དུའང་དགོད་དགོས། དེའི་ཕྱིར། སྒྲུང་གཏམ་གྱི་རྗོད་བྱེད་དུ་མཚམས་རེར་དཔྱད་གླེང་བྱས་ཏེ་གནད་དོན་ལ་གསེད་འགྲོལ་བགྱིས་ཡོད་ལ། སྐབས་རེར་དཔེ་འཇོག་གི་སྒོ་ནས་རྟོག་བརྙན་བཞེངས་ཏེ་སྙན་ངག་གི་ཉམས་དང་ལྡན་པར་བཏང་ཡོད། སྒྲུང་གཏམ་གྱི་རྗོད་བྱེད་ལ་སྙན་ངག་གི་ཉམས་དང་ལྡན་པ་ནི་རྩོམ་རིག་སྤྱིའི་ཁྱད་ཆོས་ཀྱི་ཐད་ནས་བལྟས་ན་སྐྱོན་ཆ་ཞིག་མིན། 《 གེ་སར་རྒྱལ་པོའི་སྒྲུང》
དུ་མི་སྣའི་གཏམ་གླེང་གླུ་ཚིག་གི་སྒོ་ནས་བརྩམས་པའང་སྙན་ཚིག་དང་ཉེ་བར་གྱུར་པའི་ཕྱིར་རོ། །དེང་རབས་སྒྲུང་གཏམ་དུའང་སྙན་ངག་གི་ཚིག་རྒྱན་འོས་འཚམ་རེ་སྤེལ་འདུག་པ་མཐོང་རྒྱུ་ཡོད་ལ། སྒྲུང་གཏམ་གྱི་ལྷུག་བརྗོད་རྗོད་བྱེད་ཧྲིལ་པོའི་འགྲོས་དང་མཐུན་ཚེ། འགལ་སྐྱོན་མེད་པར་བལྟ་རུང་ངོ་། །གང་ལྟར་སྒྲུང་གཏམ་གྱི་རྗོད་བྱེད་ཀྱིས་དོན་གྱི་བྱུང་རིམ་ཞིབ་ཚགས་ཤིང་གསོན་ཉམས་ལྡན་པར་གཏོང་དགོས་པར་མ་ཟད། ཡུལ་དངོས་ཀྱི་སྣང་ཚུལ་ཐམས་ཅད་ཀྱང་འགུལ་ཉམས་ཀྱིས་འབྲི་དགོས་ཕྱིར།གོ་སླ་བབ་ཆགས་ཀྱི་རྗོད་བྱེད་འགྲུབ་སྤྱད་ཐ་སྙད་རེ་རེ་མིང་རྐྱང་ཙམ་མ་ཡིན་པར། མིང་ལས་སྣང་ཚུལ་མངོན་པ་ཞིག་ འཁྱོངས་ན་ཤིན་ཏུ་མད་དེ། མངོན་བརྗོད་སོགས་ནི་དངོས་པོ་གང་ཞིག་ངོས་འཛིན་བྱེད་ཡིན་པར་མ་ཟད། དངོས་པོ་དེའི་སྣང་བརྙན་མིང་དུ་བསྟིམས་ཡོད་པས་སོ། །སྙན་ངག་ནི་ཚིག་གི་སྒྱུ་རྩལ་ཡིན་པ་ཇི་བཞིན་དུ་སྒྲུང་གཏམ་ཡང་ཚིག་གི་སྒྱུ་རྩལ་ཡིན་ཏེ། བརྡ་རྙིང་དང་མངོན་བརྗོད་དང་ཕལ་སྐད་གང་ཞིག་བཀོལ་ཡང་།
ཐ་སྙད་རང་གི་སྦྱར་ཡུལ་གྱི་དོན་དང་འཕལ་ག་ཤིན་ཏུ་འཕྲོད་པས། ཚབ་བྱེད་ཀྱི་ཐ་སྙད་གཞན་གཞག་རྒྱུ་ཁག་གོ །དེའི་ཕྱིར་སྒྲུང་གཏམ་གྱི་རྗོད་བྱེད་ནི་ཕལ་སྐད་རྐྱང་བས་འགྲུབ་ཐུབ་པ་ཞིག་མིན་ལ། གྲུབ་ཀྱང་མཛེས་པ་ཞིག་མིན།
ཟློས་གར་གྱི་རྗོད་བྱེད་ནི་མི་སྣའི་སྐད་ཆ་དང་གར་སྟེགས་གསལ་བཤད་ཀྱི་ཚིག་གིས་གྲུབ། མི་སྣའི་སྐད་ཆ་ནི་གཏམ་གླེང་གི་སྐད་ཆ་དང་ཁེར་ལབ་སོགས་ཡིན། མི་སྣའི་སྐད་ཆར་བརྟེན་ནས་མི་སྣའི་སེམས་ཁམས་དང་འདུ་བྱེད་ཀྱི་སྣང་ཚུལ་སོགས་མངོན། གར་སྟེགས་གསལ་བཤད་ནི་ལྷུག་བརྗོད་རང་བཞིན་གྱི་རྗོད་བྱེད་འབའ་ཞིག་སྟེ། མི་སྣའི་ལུས་ཉམས་དང་སེམས་འགྱུ། ཁོར་ཡུག་སོགས་གསལ་བཤད་བྱས་ཏེ་མི་སྣའི་གཤིས་ཀ་དང་ཟློས་གར་གྱི་བྱུང་རིམ་ཐད་བརྗོད་བགྱིས་སོ། །དེ་ལས་ཀྱང་མི་སྣའི་སྐད་ཆས་བརྩམས་ཆོས་ཀྱི་ཆ་མང་དུ་ཟིན་ཕྱིན། ཟློས་གར་གྱི་རྗོད་བྱེད་ལ་མི་སྣའི་སྐད་ཆ་དགོད་པར་མཁས་དགོས། དཔེར་ན། 《 བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར》དུ།“ཡབ་ཀྱི་བཀའ་ཁོ་ན་མ་ཡིན་གྱི་བདག་རང་ཉིད་ཀྱང་ཤིང་ལྗོན་པ་འདི་དག་ལ་སྤུན་གྱི་བརྩེ་བ་ཉིད་མཆིས་སོ། །ཞེས་ཤིང་ལ་རྫིང་སྐྱིལ་བར་བྱེད་དོ། །རྒྱལ་པོས་རང་ལ།(ཆིག་ལབ་ཏུ)ཀ་ན་
ཝའི་བུ་མོ་ནི་འདི་ཡིན་ནོ། །ངོ་མཚར་དང་བཅས། ཀྱེ་མ། ཀ་ན་ཝ་ནི་ལེགས་པར་མི་སེམས་པ་ཉིད་དེ་གང་གི་ཕྱིར་བུ་མོ་འདི་འདྲ་བ་ཡང་བསྟི་གནས་ཀྱི་ཆོས་སུ་བཅུག་གོ །ཐུབ་པ་གང་ཞིག་ཡིད་འཕྲོག་འདི་ལུས་ཀྱིས། །ངེས་པར་དཀའ་ཐུབ་གྲུབ་པ་དོན་གཉེར་བ། །དེ་ནི་ཨུཏྤལ་སྔོན་པོའི་འདབ་མ་ཡིས། །མཆོད་སྦྱིན་ཡམ་ཤིང་གཅོད་ལ་བརྩོན་པ་ཉིད། །འོ་ན་ཤིང་གི་གསེབ་ཏུ་བག་ལྷོད་ལ་བལྟ་བར་བྱའོ། །ཞེས་དེ་བཞིན་དུ་བྱས་སོ”ལྟ་བུར་མཚོན་ན། མི་སྣའི་གཏམ་གླེང་དང་ཆིག་ལབ་ཀྱི་རྗོད་བྱེད་གཙོས་ཏེ་གྲུབ། མི་སྣའི་གཏམ་གླེང་ནི་ཚིག་ལྷུག་པའི་རྗོད་བྱེད་ཡང་དག་ཅིང་དོན་དྲིལ་བའི་སྒོ་ནས་མཛད་འདུག་ལ། བྱུང་རིམ་གྱི་དཀྱོགས་མཚམས་སོགས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་གསལ་བར་བཀོད་པ་དང་། ཆིག་ལབ་ནི་ཡིད་འགྱུ་མཚོན་པའི་ཚིགས་བཅད་སྙན་ངག་གི་རྗོད་བྱེད་འབའ་ཞིག་ལ་བརྟེན་ཕྱིར། ཟློས་གར་གྱི་རྗོད་བྱེད་དང་དེང་རབས་སྒྲུང་གཏམ་གྱི་རྗོད་བྱེད་ལ་ཧེ་བག་ཅུང་ཞིག་ལྡན། ཟློས་གར་ཁྲོད་ཀྱི་ཚིགས་བཅད་སྙན་ངག་དང་རྟོགས་བརྗོད་ཁྲོད་ཀྱི་ཚིགས་བཅད་སྙན་ངག་གཉིས་ཀྱི་རྩོམ་སྟངས་ཕལ་ཆེར་འདྲའོ། །ཞེས་སྤྱི་མཚན་དང་རང་མཚན་གཉིས་ཀྱི་ངོས་ཐད་ནས་རྩོམ་རིག་གི་རྗོད་བྱེད་སྐོར་རགས་ཙམ་གླེང་ཁུལ་བགྱིས་པ་རྫོགས་སོ།།
མཆན་འགྲེལ།
①②རུས་པའི་རྒྱན་ཅན་གྱི《 རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར》 ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2004ལོའི་ཟླ8པར་པར་དུ་བསྐྲུན། ཤོག་ངོས205པར།
③《 རྗེ་བཙུན་ཤེས་རབ་རྒྱ་མཚོའི་གསུང་རྩོམ་པོད་གཉིས་པ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1982ལོའི་ཟླ3པར་པར་དུ་བསྐྲུན། ཤོག་ངོས357པར།
④དུང་དཀར་བློ་བཟང་འཕྲིན་ལས་ཀྱི《 སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1982ལོའི་ཟླ4པར་པར་དུ་བསྐྲུན། ཤོག་ངོས25པར།
⑤艾布拉姆斯著,郦雅牛等译,《镜与灯》北京大学出版社2003年1月版。 P19
⑥徐有富,《诗学原理》,北京大学出版社 2007年1月版。 P1
(རྩོམ་སྒྲིག་འགན་འཁུར་པ་ཆོས་སྐྱོང་ཡིན