ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་ཟིན་བྲིས།

ཕུན་ཚོགས་བཀྲ་ཤིས་ཀྱིས་སྒྲིག་བསྒྱུར་བྱས། ཧོ་ཞིན་ཡའོ་ཡིས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།མི་རིགས། སྤེལ་དུས། 01-13


        ཟླ1པོའི་ཚེས25ཉིན་ནས་ཟླ་1པོའི་ཚེས་29ཉིན་བར། ཝང་ཏུང་མིང་གིས་ཚོགས་འདུ་ལ་གཙོ་སྐྱོང་བྱས་པ་མ་ཟད་གསུང་བཤད་གནང་། དབྱི་ལེ་ཡིས་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་སྲིད་གཞུང་གི་ལས་ཀའི་སྐོར་གྱི་སྙན་ཞུ་ཞུས་པ་རེད། ཁོང་གིས་ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི་འཕེལ་རྒྱས་དང་གྲུབ་འབྲས་གཙོ་བོ། 2015ལོའི་ལས་ཀར་ཕྱིར་དྲན་བྱས་པ་མ་ཟད། 2016ལོའི་ལས་ཀའི་སྐོར་དང་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་འཆར་འགོད་སྐོར་རྒྱས་བཤད་བྱས།
        ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཞི་པ་ཁྲེང་ཏུའུ་རུ་ཚོགས་པ་དང་། ཚོགས་འདུའི་ཐོག་དབྱི་ལེ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་དུ་འདེམས་བསྐོ་བྱས། ཧོང་ཡན་རུང་དང་ལིའུ་ཙུའོ་མིང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པར་བདམས། དབྱང་ཞིང་ཕེང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་གཞོན་པར་བདམས། ཅའོ་ཝེ་ཞ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོར་བདམས། ཧྲི་དབྱི་ཏུང་། བོ་ཆིན་ཀོང་། ཧྥང་ཧྥང་། ཡན་ཤན་ཧྥང་། ཧོང་ཅན་ཧྥ་བཅས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་པ་རེད།

 གསར་འགོད་པས་འཐུས་མི་ཚོར་བཅར་འདྲི་བྱེད་བཞིན་པ།

        གྲོས་ཚོགས་སྟེང་དུ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་ཀའི་སྐོར་གྱི་སྙན་ཞུའི་གྲོས་ཆོད་དང་། སི་ཁྲོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་ལག་བསྟར་གནས་ཚུལ་དང་2016ལོའི་འཆར་འགོད་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་2015ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2016ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོས་ཆོད། སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་གྲོད་ཆོད། 《སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྐོར་གྱི་སྲོལ་ཡིག》སོགས་ལ་གྲོས་འཆམ་བྱུང་།

 བླ་གྲྭའི་འཐུས་མི་འདེམས་ཤོག་འཕེན་བཞིན་པ།

        ལོ་ལྔ་ཚན་བཅུ་གསུམ་པའི་དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་རྒྱལ་ཁའི་གནད་འགག་གི་དུས་རིམ་ཡིན་ཞིང་། རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པ་ལ་གོམས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་གནད་འགག་གི་དུས་སྐབས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན། ཞིང་ཆེན་ཏང་ཨུའི་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཀོད་སྒྲིག་དང་འབྲེལ་བའི་གྲོས་གཞི་བཅས་གཞིར་བཟུང་ནས། ཞིང་ཆེན་སྲིད་གཞུང་གིས《སི་ཁྲོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད》ཅེས་པ་བསྒྲིགས་ཤིང་། དེའི་ནང་ལོ་ལྔ་ཚན་བཅུ་གསུམ་པའི་དུས་སྐབས་སུ་འགྲུབ་དགོས་པའི་ལས་འགན་གསལ་པོར་བསྟན་ཡོད་པ་རེད།
        འཕེལ་རྒྱས་ཀྱི་གནས་བབ་ཐད་ལ། འཆར་འགོད་རྩ་གནད་དུ་འཕེལ་རྒྱས་ཀྱི་གནས་བབ་དང་རང་རེའི་ཞིང་ཆེན་གྱི་བར་སྐབས་ཁྱད་ཆོས་དམ་འཛིན་བྱས་ཡོད། མ་འོངས་པའི་ལོ་ལྔའི་རིང་ལ་རང་ཅག་གིས་གདོང་ཕྱོགས་དགོས་པའི་རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་གནས་བབ་སྔར་བཞིན་འདྲེས་ཤིང་རྙོག་འཛིང་ཆེ་ལ། རྒྱལ་སྤྱིའི་ཐད་ནས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་རིམ་པ་ཟབ་མོའི་ཤུགས་རྐྱེན་ད་དུང་རྒྱུན་ཆད་མེད་པར་མངོན་བཞིན་ཡོད་ཅིང་། རྒྱལ་ནང་དུ་བལྟས་ན་རང་རྒྱལ་སྔར་བཞིན་བྱ་གཞག་རླབས་ཆེན་སྒྲུབ་པའི་འཐབ་ཇུས་ཀྱི་གོ་སྐབས་དུས་རིམ་ཞིག་ཏུ་གནས་ཡོད་ལ། དཔལ་འབྱོར་ཡུན་རིང་ལ་ལེགས་ཕྱོགས་སུ་འགྲོ་བའི་གཞི་རྩའི་ཆ་ལ་འགྱུར་བ་བྱུང་མེད་ན་ཡང་། འཐབ་ཇུས་ཀྱི་གོ་སྐབས་དུས་རིམ་གྱི་ནང་དོན་ལ་འགྱུར་བ་གཏིང་ཟབ་མོ་བྱུང་ཡོད། གནད་དོན་འདི་དག་ཐད་ང་ཚོས་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་པར་བརྟེན་ནས་འོས་འཚམ་གྱི་བྱེད་ཐབས་སྤྱད་དེ། མགྱོགས་མྱུར་སྒོ་ནས་ཐག་གཅོད་བྱེད་གང་ཐུབ་བྱས་ནས་མི་དམངས་མང་ཚོགས་ཀྱི་རེ་བ་དང་མངགས་བཅོལ་སྟོང་ཟད་དུ་གཏན་ནས་མི་གཏོང་བ་བྱེད་དགོས།

 གྲངས་ཉུང་མི་རིགས་ཀྱི་འཐུས་མི་གྲོས་ཚོགས་སུ་ཞུགས་པ།

        འབད་བརྩོན་གྱི་དམིགས་འབེན་ཐད་ལ། མཆོངས་སྐྱོད་གཉིས་ཀྱི་རླབས་ཆེན་ཇུས་གཞི་མངོན་དུ་འགྱུར་བ་དམིགས་འབེན་དུ་འཛིན་པ་སྟེ། ལོ་ལྔ་ཚན་བཅུ་གསུམ་པའི་དུས་སྐབས་སུ་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྣ་འཛོམས་དངོས་ཤུགས་དང་འགྲན་རྩོད་ནུས་པ་གྲངས་ཀ་ནས་སྤུས་ཀར་འཕར་བར་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་བཏང་ནས། དཔལ་འབྱོར་སྤྱིའི་འབོར་ཚད་ཆེ་བ་དང་། དཔལ་འབྱོར་སྒྲིག་གཞི་ལེགས་པ། གསར་གཏོད་ནུས་པ་ཆེ་བ། སྤུས་ཚད་ཕན་འབྲས་ལེགས་པ་བཅས་ཀྱི་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་དགོས་ལ། སྤྱིའི་ཆ་ནས་འབྱོར་འབྲིང་ཡིན་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་དུ་འགྱུར་དགོས་པས། དཔལ་འབྱོར་གསར་གཏོད་ཀྱིས་སྒུལ་ཤུགས་བྱས་ཤིང་། ནང་རོལ་ནས་འཕེལ་རྒྱས་འགྲོ་བའི་འཁོར་ལམ་དུ་ཞུགས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་སྟོབས་དང་ལྡན་པར་བྱ་དགོས་ལ། རྩ་བའི་དབུལ་ཕོངས་མེད་པར་བཟོ་བ་དང་། དབུལ་ཕོངས་རྫོང་གི་མིང་ཡོངས་སུ་མེད་པར་བཟོ་བ། ཤང་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་ཡོང་འབབ་མགྱོགས་མྱུར་ངང་འཕར་བ་བྱ་དགོས་ཤིང་། ཡོང་འབབ་ཀྱི་བར་ཁྱད་མངོན་གསལ་སྒོས་ཆུང་དུ་གཏོང་བ། གཞི་རྩའི་སྤྱིའི་ཞབས་ཞུ་ཆ་མཉམ་ཅན་གྱི་ཆུ་ཚད་གོམ་པ་བརྟན་པོས་མཐོ་རུ་འདེགས་པ། སྤྱིའི་རིགས་གནས་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་འཛུགས་ཐུབ་པ་བཅས་བྱ་དགོས།

འདེམས་ཤོག་འཕེན་པ།

        གཙོ་རྒོལ་གྱི་ཁ་ཕྱོགས་ཐད་ལ། ལོ་ལྔ་ཚན་བཅུ་གསུམ་པའི་དུས་སུ། གསར་གཏོད་དང་དོ་སྙོམ། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་མོ་ལྔ་ཡིས་སྣེ་ཁྲིད་ཅིང་། ནུས་ཤུགས་བཏོན་ནས་དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་མངོན་དུ་འགྱུར་བའི་གལ་གནད་ཀྱི་གནད་དོན་སེལ་བ་དང་། གཙོ་རྒོལ་གྱི་ཁ་ཕྱོགས་གནད་དུ་ཐིངས་པ་རྙེད་དགོས། འཕེལ་རྒྱས་ཀྱི་ཐབས་ལམ་སྒྱུར་བ་ཇེ་མགྱོགས་སུ་གཏོང་བ་སྟེ། འདི་ནི་སྤྱི་ཡོངས་ཀྱི་གནས་བབ་དང་འཕེལ་རྒྱས་ཀྱི་དོན་དངོས་ཀྱིས་ཐག་བཅད་པ་ཡིན་ཞིང་། ལོ་ལྔ་ཚན་བཅུ་གསུམ་པའི་རྣམ་པ་བསྒྱུར་ཞིང་རིམ་པ་སྤར་བའི་དུས་སྐབས་གལ་ཆེན་འདིའི་ནང་དུ་ང་ཚོས་དཔའ་བོས་དཔུང་བ་བཅད་པ་ལྟ་བུའི་ཆོད་སེམས་ཀྱིས་རང་རེའི་ཞིང་ཆེན་གྱི་འཕེལ་རྒྱས་ཐབས་ལམ་གཞི་རྒྱ་དང་མགྱོགས་ཚད་ཅན་ནས་སྤུས་ཚད་དང་ཕན་འབྲས་ཅན་དུ་སྒྱུར་དགོས་ལ། སྒྲིག་གཞིའི་སྙོམ་སྒྲིག་གྲངས་སྣོན་ནུས་བསྐྱེད་གཙོ་བོ་ཡིན་པ་ནས་གྲངས་གསོག་དང་གྲངས་སྣོན་ལེགས་སྒྱུར་ཅན་དུ་སྒྱུར་དགོས། ལོ་ལྔ་ཚན་བཅུ་གསུམ་པའི་སྐབས་སུ་ང་ཚོས་དམངས་འཚོའི་ལས་དོན་གྱི་ཞན་ཕྱོགས་ཁ་གསབ་བྱས་ནས་དབུལ་སྐྱོར་འགག་སྒྲོལ་གྱི་འཐབ་ཇུས་ལ་རྒྱལ་ཁ་ལེན་དགོས་ཤིང་། ས་ཁུལ་དང་ཞིང་གྲོང་གི་ཞན་ཕྱོགས་ཁ་གསབ་ནས། སྣེ་མང་གནས་མང་གི་རྟེན་ཡུལ་ལ་སྐུལ་འདེད་དང་། ཞིང་གྲོང་དོ་མཉམ་འཕེལ་རྒྱས་ཀྱི་སྒྲིག་གཞི་མགྱོགས་མྱུར་ངང་འགྲུབ་པར་བྱ་དགོས། སྐྱེ་ཁམས་ཁོར་ཡུག་གི་ཞན་ཕྱོགས་ཁ་གསབ་ནས་རླུང་ཁམས་སོགས་ཀྱི་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་དང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྐྲུན་དགོས། མ་འོངས་པའི་ལོ་ལྔའི་རིང་ལ་ཕྱོགས་སོ་སོའི་ཉེན་ཁའི་རྒྱུ་རྐྱེན་འདུས་པ་ཕྱོགས་གཅིག་ནས་མངོན་སྲིད་པས། སྣ་མང་གི་ཉེན་འགོག་དང་ཐག་གཅོད་ཀྱི་མ་ལག་ངེས་པར་དུ་འཛུགས་དགོས། ཉེན་བརྡ་ལ་བརྟག་དཔྱད་ཚོད་དཔག་བྱེད་པར་ཤུགས་བསྣན་ནས་རིགས་སོ་སོའི་འགལ་བ་ཕན་ནུས་ལྡན་པའི་ངང་ནས་སེལ་དགོས་ཤིང་། བདེ་འཇགས་དང་བརྟན་འཇགས་ཀྱི་ཚད་བརྟན་སྲུང་བྱས་ནས་རང་རེའི་ཞིང་ཆེན་བརྟན་བརླིང་ངང་དར་རྒྱས་འགྲོ་བར་ཁག་ཐེག་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1