འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ནང་དུ་མི་སྣ་མང་པོའི་སྣང་བརྙན་བཞེངས་བསྐྲུན་བྱས་ཡོད་ཅིང་། མི་སྣ་མང་པོ་ཞིག་རང་གཤིས་ཅན་དང་སྣང་བརྙན་ཅན། དཔེ་མཚོན་ཅན་དུ་བཞེངས་བསྐྲུན་བྱས་ཡོད། མི་སྣ་ནི་སྒྲུང་གཏམ་གྱི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། མི་སྣའི་གཤིས་ཀ་འབྲི་བཞེངས་ནི་སྒྲུང་གཏམ་གྱི་བྱུང་རིམ་འཕེལ་རྒྱས་འགྲོ་མིན་དང་སྒྲུང་གཏམ་དེ་ལེགས་འགྲུབ་འབྱུང་མིན་གྱི་གཞི་རྩ་ཡིན་པས། “མི་སྣ་ནི་སྒྲུང་གཏམ་གྱི་རྣམ་ཤེས”ཡིན་པར་བཤད། དེས་ན་མི་སྣའི་གཤིས་ཀ་ལ་དབྱེ་ཞིབ་བྱ་རྒྱུ་ནི་བརྩམས་ཆོས་ཀྱི་བརྗོད་སྙིང་རྟོགས་པའི་འཇུག་སྒོ་གལ་ཆེན་ཞིག་ཡིན་ལ། ཀློག་པ་པོ་དང་ཞིབ་འཇུག་པ་དག་གི་འགན་འཁྲི་གཙོ་བོ་ཞིག་རེད་སྙམ། གླིང་སྒྲུང་ལས་ཨ་སྟག་ལྷ་མོ་ནི་མི་སྣའི་སྐད་ཆ་དང་། བྱ་བྱེད། སེམས་ཁམས་སོགས་གང་གི་ཐད་ནས་ཡང་རང་གཤིས་མངོན་པར་གསལ་བའི་ཐུན་མིན་གྱི་ཁྱད་ཆོས་ཤིག་སྣང་ཞིང་། ཐུན་མིན་གྱི་མི་སྣའི་གཟུགས་བརྙན་དང་གཤིས་ཀ་དེས་གླིང་སྒྲུང་གི་བརྗོད་བྱའི་ནང་དོན་གྱི་ཟུར་གཞན་ཞིག་རྟོགས་ཐུབ་ཅེས་བཤད་ཀྱང་འགལ་བ་ཆེན་པོ་མེད་སྙམ།
གླིང་རྗེ་གེ་སར་རྒྱལ་པོ་མཆོག་གིས་རྫོང་ཆེན་བཅོ་བརྒྱད་ནས་ཇ་མ་མིང་ཆེན་བཅོ་བརྒྱད་བསུས་པར་གྲགས་ཤིང་། གླིང་སྒྲུང་དུ་ཇ་མ་དེ་དག་ཀྱང་མི་སྣའི་གཟུགས་རིས་མི་འདྲ་བ་དང་བྱ་བྱེད་མི་འདྲ་བ། གཤིས་ཀ་མི་འདྲ་བ། བྱས་རྗེས་མི་འདྲ་བའི་སྒོ་ནས་འབྲི་བཞེངས་བྱས་ཡོད་པས། དེ་དག་གིས་མཚོན་པའི་མི་སྣའི་སྣང་བརྙན་ཡང་ཐ་དད་དུ་མངོན་འདུག ཇ་མ་མིང་ཆེན་བཅོ་བརྒྱད་གྲས་ཀྱི་བྱང་ཨ་སྟག་འཁྱིལ་བའི་ཀླུ་མོ་ནི་ཡོངས་གྲགས་སུ་བདུད་ཀྱི་བུ་མོ་ཡིན་པར་གྲགས་ཤིང་། གེ་སར་བདུད་འདུལ་དུ་འགྲོ་བའི་སྐབས་སུ་བདུད་ཀྱི་མཁར་སྒོ་ནས་ཐོག་མར་འཕྲད་ཅིང་། དེ་ནས་བཟུང་གེ་སར་གྱིས་མོ་རང་ཁབ་ཏུ་བཞེས་པར་གྲགས། སྤྱིར་ཨ་སྟག་ལྷ་མོ་ལ་ཁྲོ་བའི་རང་གཤིས་ཡོད་པ་ནི་གླིང་སྒྲུང་གི་མགོ་སྔ་བར་གསུམ་དུ་རྟོགས་ཐུབ་ཅིང་། མཚམས་རེར་ཁྲོ་མོ་ཨ་སྟག་ལྷ་མོ་ཞེས་ཀྱང་བྱུང་འདུག དེར་མ་ཟད་དམངས་ཁྲོད་དུ་ཡང་བུད་མེད་ཞེ་སྡང་ཅན་གྱི་མཚང་མིང་ལ་ཨ་སྟག་ལྷ་མོར་འདོགས་པ་དེས་ཀྱང་ཤེས་ཐུབ། ཡིན་ནའང་ཨ་སྟག་ལྷ་མོ་ནི་རྒྱུ་མེད་རྐྱེན་མེད་དུ་ཁྲོ་བ་དང་། ཕྱི་ནང་གི་ཁྱད་པར་དང་དགྲ་གྲོགས་ཀྱི་དབྱེ་བ་མེད་པར་ཁྲོ་བ་ཞིག་མ་ཡིན་པར། ཕྱིའི་དགྲ་ལ་ཕྲད་པའི་སྐབས་སུ་ད་གཟོད་ཁྲོ་ཉམས་སྟོན་ཞིང་ཁྲོ་གཏམ་བཤད་པ་ཞིག་ཡིན་པ་དཔེར་ན། “བྱང་མཆིས་པའི་ཨ་སྟག་ལྷ་མོ་དེས། གླིང་ལ་དམའ་འབེབ་མཚང་འབྲུ་བྱེད་པའི་གླུ་དེ་ཐོས་མ་ཐག་ངར་རྒོད་གཏིང་ནས་འཁྲུགས་ཤིང་། ……སྒ་བར་སྟན་སྲིན་མོའི་པགས་པ་དེ་རྐང་བཞི་སེན་མོ་ཧྲུག་གེ སྒ་སྔ་རུ་སྲིན་པོའི་ཡ་མགོ་བྱས་པར་སྲིན་པོའི་རལ་བ་ཉིལ་ལེ། སྒ་ཕྱི་རུ་སྲིན་མོའི་མ་མགོ་ལ། སྲིན་མོ་ངུ་ཚག་སྙིགས་སེ།”ཞེས་ཕྱིའི་དགྲ་ལ་ཕྲད་པའི་སྐབས་ཀྱི་ཁྲོ་ཉམས་དེ་ནི་དངངས་སྐྲག་སྐྱེ་ཞིང་འཇིགས་ཡེར་བ་ཞིག་གི་ཚུལ་དུ་བྲིས་འདུག ད་དུང་མོ་རང་གིས་བླངས་བའི་གླུའི་ནང་དུ་ཡང“ང་འདྲ་ང་ངོ་མ་ཤེས་ན།། ཤར་ཁྲ་མོ་གླིང་གི་ས་ཆ་ནས།། བྱང་དགྲ་འགོག་པའི་དཔའ་མོ་ལ།། བྱང་མཆིས་པའི་ཨ་སྟག་ལྷ་མོ་ཟེར།། དགྲ་མ་ཐུབ་གཉའ་ནས་འབེབ་མི་ཡིན།། གཉེན་མ་ནུས་མཐའ་ནས་སྐྱོང་མི་ཡིན།།” ཞེས་པས་ཀྱང་ཕྱི་དགྲར་སྡང་ཞིང་ནང་མིར་བྱམས་པའི་ནང་སེམས་ཀྱི་ཆགས་སྡང་གསལ་བོར་མཚོན་འདུག ལྷག་པར་དུ་མོ་རང་གླིང་རྗེ་གེ་སར་རྒྱལ་པོ་ལ་བློ་དཀར་ཞིང་གློ་བ་ཤིན་ཏུ་ཉེ་བ་མ་ཟད། སེམས་གཏིང་ནས་གེ་སར་ལ་བརྩེ་ཞིང་དུངས་ཏེ། ཁོང་གཉིས་ཐོག་མར་ངོ་ཕྲད་མ་ཐག་ནས་བཟུང་མིའི་ཡིད་སེམས་འགུལ་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་གི་མགོ་བརྩམས་འདུག་སྟེ། “སྨན་ན་ཆུང་ཨ་སྟག་ལྷ་མོ་ང་།། རིགས་སྐྱེ་རྒྱུད་ངན་པ་བདུད་ཡིན་ཡང་།། གྲོགས་འཕྲད་པ་བཟང་པོ་སངས་རྒྱས་ལ།། ང་བུ་མོ་ཡིད་དགའ་སྣང་བ་སྐྱིད།། གླིང་གེ་སར་རྒྱལ་པོའི་གཏན་གྲོགས་མཛོད།། སེམས་སྤྲོ་བའི་ཞུ་བ་འདི་ལྟར་འབུལ།།”ཞེས་པ་དང་། “གླིང་རྒྱལ་པོས་ཅི་གསུངས་བཀའ་ལ་ཉན།། མཁར་འདི་ཡི་བདག་པོ་ཁྱོད་རང་མཛོད།། སྐུ་མི་སྐྱོ་དར་དཀར་ཡོལ་བ་ཡོད།། ཞལ་མི་སྐྱོ་ཇ་ཆང་ལོངས་སྤྱོད་ཡོད།། ཐུགས་མི་སྐྱོ་ཨ་སྟག་ལྷ་མོ་ཡོད།།”ཞེས་པ་སོགས་ལས་མོ་རང་གེ་སར་ལ་སེམས་གཏིང་ནས་དགའ་བའི་སེམས་ཁམས་ཤིག་རྟོགས་ཐུབ་ཅིང་། གེ་སར་བདུད་འདུལ་དུ་འགྲོ་ཁར་མོ་རང་གི་སོར་གདུབ་ཁོང་ལ་གནང་བ་ནི་གཅིག་ནས་ཨ་སྟག་གི་གོ་ཐོབ་ཀྱི་མཚོན་བྱེད་ཅིག་དང་། གཉིས་ནས་མོས་གེ་སར་ལ་གནང་བའི་བརྩེ་དུང་གི་ལེགས་སྐྱེས་ཤིག་ཀྱང་ལོས་ཡིན་སྙམ་སོང་། རྒྱུ་མཚན་ནི་རང་རེའི་བོད་ཀྱི་དམངས་ཁྲོད་དུ་གཞོན་ནུ་ཕོ་མོ་དག་གིས་རང་གི་སོར་གདུབ་དང་མཛུབ་དཀྲིས་སོགས་ཕན་ཚུན་ལ་སྟེར་སྲོལ་ཡོད་པ་ད་ལྟའང་ད་དུང་རྒྱུན་འབྱམས་སུ་འདུག དེ་ལྟར་མོས་ཤི་རག་བར་དུ་གེ་སར་ལ་ཞབས་ཞུ་བསྒྲུབས་ཤིང་། གེ་སར་དང་ལྷན་དུ་སྲོག་བསྡོས་ཏེ་དམག་འཁྲུག་ལ་ཤུགས་ཤིང་། ཁ་ཞེ་གཉིས་མེད་ཀྱིས་གླིང་དཀར་སྟོད་ཀྱི་འཕྲིན་ལས་བསྐྱངས་པ་དེས་མོ་རང་གེ་སར་ལ་སྙིང་ནས་དུངས་ཤིང་། གླིང་གི་ནང་མི་དག་ལ་མཐུན་སྒྲིལ་དམ་པོ་དང་བྱམས་བརྩེ་ཆེན་པོ་བྱས་པ་མཚོན་ཐུབ།
མདོར་ན་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ནང་དུ་སྐྱེས་མ་མང་པོ་ཞིག་གི་གཤིས་ཀ་དང་སྣང་བརྙན་འབྲི་བཞེངས་བྱས་ཡོད་ནའང་། ཨ་སྟག་ལྷ་མོ་ནི་གཞན་དང་མི་མཚུངས་བའི་སྒོ་ནས། མཛེས་ཤིང་ཡིད་དུ་འོངས་ལ་དཔའ་བོའི་རང་གཤིས་ལྡན་ཞིང་། དགྲ་ལ་ཕྲད་ན་ཁྲོ་བའི་ཉམས་ལྡན་ཞིང་གྲོགས་དང་འགྲོགས་དུས་སྙིང་ནས་བརྩེ་བ་མ་ཟད། ཆབ་སྲིད་ཀྱི་མིག་རྒྱང་རིང་ཞིང་བློ་ཁོག་ཡངས་བའི་བོད་རིགས་སྐྱེས་མ་ཁྱད་པར་བ་ཞིག་གི་གཤིས་ཀ་འབྲི་བཞེངས་བྱས་འདུག་སྙམ། སྤྱིར་གླིང་སྒྲུང་དུ་ཨ་སྟག་ལྷ་མོའི་སྐོར་ཞིབ་མོར་བརྗོད་ཡོད་པའི་སྒྲུང་དཔེ་ཕྱི་ནས་བྱུང་བ་ཁག་ཅིག་ཡོད་ནའང་། སྔར་ནས་ཡོད་པ་ཆོས་ལུགས་ཀྱི་ལྟ་བ་གཙོ་བོར་འཆད་པའི«དམྱལ་གླིང་མུན་པ་རང་གསལ»མ་གཏོགས་མཐོང་དཀོན་པས། ཨ་སྟག་ལྷ་མོའི་སྣང་བརྙན་དང་རང་གཤིས་གཅིག་བསྡུས་ཀྱིས་འབྲི་བཞེངས་བྱས་ཡོད་པའི་སྒྲུང་དཔེ་དཀོན་པ་དང་། ཁོ་བོའི་ལྟ་རྒྱ་དང་ཐོས་རྒྱ་ཆུང་བ་སོགས་ཀྱི་དབང་གིས། དཔྱད་རྩོམ་འདིར་མ་བཤད་ས་དང་ལོག་བཤད་བྱས་ཡོད་པའི་ཆ་ཡང་ཡོད་སྲིད་པས་ཀུན་གྱིས་དགོངས་འཆར་གནང་རོགས་ཞུ།།
གླིང་གེ་སར་གྱི་ལྷ་མོ་ཟློས་གར་འཁྲབ་པ།