"འཛམ་གླིང་ཐོག་གི་གནས་མཆོག་བརྒྱད་པར"གཟིགས་སྐོར་བྱས་པ།
མོ་སི་ཁོ་གྲོང་ཁྱེར་ཞེས་པ་དེ་ཀྲུང་གོའི་སྲོག་རྩ་དང་འབྲེལ་བ་དམ་ཟབ་ཡོད་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ང་ཚོར་ཆ་རྒྱུས་མེད་པ་གཏན་ནས་མིན། གྲོང་ཁྱེར་དེ་ནི་ཨུ་རུ་སུ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པ་མ་ཟད། ཨུ་རུ་སུ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། འགྲིམ་འགྲུལ། ཚན་རིག་དང་རིག་གནས་ལ་སོགས་པའི་ལྟེ་གནས་ཀྱང་ཡིན་པ་རེད། ༡༡༤༧ལོར་མོ་སི་ཁོ་གྲོང་ཁྱེར་བཙུགས་པ་དང་། ད་བར་དུ་གྲོང་ཁྱེར་འདི་ལ་ལོ་ངོ་༨༦༠ཡི་ལོ་རྒྱུས་ཡོད་པ་རེད། གྲོང་ཁྱེར་འདིའི་མི་གྲངས་ཨུ་རུ་སུའི་སྤྱིའི་མི་གྲངས་ཀྱི་བཅུ་ཆ་གཅིག་ཟིན་པ་དང་། གླིང་ཆེན་ཡོ་རོབ་ཀྱི་མི་གྲངས་ཆེས་མང་བའི་གྲོང་ཁྱེར་ཞིག་ཡིན་པ་རེད།
མོ་སི་ཁོའི་ཐང་ཆེན་དམར་པོ།
མོ་སི་ཁོ་གྲོང་ཁྱེར་ལ་གནས་སྐོར་བྱེད་རིང་། སྐད་གྲགས་ལྡན་པའི་ཐང་ཆེན་དམར་པོ་དང་། ཕོ་བྲང་ཁེ་ལི་མུ་ལིན། ལོ་རྒྱུས་དངོས་མང་བཤམས་སྟོན་ཁང་། ཧྲེན་ཝ་ཞི་ལི་ཆོས་ཁང་ཆེན་མོ་བཅས་ནི་ཡུལ་སྐོར་བ་གནས་སྐོར་བྱེད་དགོས་པའི་ལོ་རྒྱུས་ཀྱི་གནས་མཆོག་ཅིག་ཡིན་པ་རེད།
ཐང་ཆེན་དམར་པོ་དང་ཕོ་བྲང་ཁེ་ལི་མུ་ལིན་ནི་མོ་སི་ཁོ་གྲོང་ཁྱེར་གྱི་ལྟེ་གནས་སུ་ཆགས་ཡོད་པ་དང་། ཐང་ཆེན་དམར་པོ་དེ་ཨུ་རུ་སུ་ཡི་སྐད་ནང"མཛེས་སྡུག་ལྡན་པའི་ཐང་ཆེན"གྱི་གོ་དོན་ཡིན་ཞིང་། ཨུ་རུ་སུའི་མི་དམངས་ཆེས་དགའ་འཛོམས་བྱེད་ས་དང་གལ་ཆེའི་མཛད་སྒོ། དུས་ཆེན་གྱི་བྱེད་སྒོ་སྤེལ་སའི་ཐང་ཆེན་ཞིག་ཡིན་པ་རེད། ལོ་རྒྱུས་ཐོག་ཐང་ཆེན་དམར་པོའི་འགྲམ་གྱི་ཕོ་བྲང་ཁེ་ལི་མུ་ལིན་དེ"འཛམ་གླིང་ཐོག་གི་གནས་མཆོག་བརྒྱད་པའི"མཚན་གསོལ་ཡོད་ཅིང་། སྔོན་མར་གོང་མ་ཚང་གི་མཁར་རྫོང་དང་མོ་སི་ཁོ་གྲོང་ཁྱེར་ནང་གི་དམག་དོན་མཁར་རྫོང་ཆེས་ཆེ་བ་ཞིག་ཡིན་པ་རེད། ཕོ་བྲང་ཁེ་ལི་མུ་ལིན་བཟོ་སྐྲུན་བྱེད་ལུགས་ནི་ཏི་པའེ་ཐིང་དང་། པ་ལོག་ཁེ། གནའ་རབས་ཞི་ལ་བཅས་ཀྱི་སྲོལ་རྒྱུན་བཟོ་རྩལ་མཉམ་འདྲེས་བྱས་ཡོད། ཕོ་བྲང་ཁེ་ལི་མུ་ལིན་དང་ཐོག་ཤིང་བཟོའི་མཁར་རྫོང་ཡིན་པ་དང་རྗེས་སུ་ཏེ་སྨི་ཏེནལི.ཏེང་སི་ཁོ་ཡི་རྒྱལ་པོའི་སྐབས་སུ་རྡོ་དཀར་གྱི་རྒྱུ་ཆ་བྱས་ནས་ལྕགས་རི་དང་མཆོད་རྟེན། ཁང་ཆེན་བཟོ་སྐྲུན་བྱས་ཡོད། དེང་སང་། ཨུ་རུ་སུའི་བཟོ་ལྟའི་མཁར་རྫོང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ཤུལ་བཞག་རིག་གནས་སུ་བཞག་ཡོད་པ་རེད།
ནུབ་ཕྱོགས་ཀྱི་སྒེའུ་ཁུང་ཧྲེང་པི་ཏའེ་པའོ་གྲོང་ཁྱེར།
ཁེ་ཧྲན་ཆོས་ཁང་ཆེན་མོ།
ཧྲེང་པི་ཏའེ་པའོ་གྲོང་ཁྱེར་ནི་ཨུ་རུ་སུའི་ཟླ་བ་བཅུ་པའི་གསར་བརྗེའི་འབྱུང་གནས་ཤིག་ཡིན་པ་དང་། ཐེངས་དང་པོའི་འཛམ་གླིང་དམག་འཁྲུག་ཆེན་མོའི་རྗེས་སུ་པི་ཏའེ་ཀེ་ལེ་རུ་མིང་སྒྱུར་བྱས་པ་རེད། སྔ་རྗེས་སུ་༡༩༡༧ལོའི་ཟླ་བ་གཉིས་པའི་གསར་བརྗེ་དང་འབྱོར་མེད་གྲལ་རིམ་གྱི་ཟླ་བ་བཅུ་པའི་གསར་བརྗེ་བྱུང་ཡོད་པ་དང་། ཁྲག་དམར་འཛགས་པའི་འཐབ་འཛིང་བྱས་པ་བརྒྱུད་༡༩༢༤ལོར་ལིའེ་ཉིང་ཀེ་ལེ་རུ་མིང་སྒྱུར་བྱས། རླབས་ཆེན་བའི་རྒྱལ་སྲུང་དམག་འཁྲུག་སྐབས་སུ། འཇར་མན་རྒྱལ་ཁབ་ཀྱི་དམག་དཔུང་གིས་ཉིན་རེ་བཞིན་ལིའེ་ཉིང་ཀེ་ལེ་རུ་སྐྱོད་ནས་རྒྱལ་ས་ཉེན་ཁར་འགྱུར་བའི་དབང་གིས༡༩༡༨ལོར་སུའུ་ཝེ་ཨེད་སྲིད་གཞུང་གིས་རྒྱལ་ས་མོ་་སི་ཁོ་གྲོང་ཁྱེར་རུ་སྤོ་སྐྱོད་བྱས་པ་རེད། ༡༩༩༡ལོར་སུའུ་ལན་རྩ་ཐོར་སོང་ནས་ ཧྲེང་པི་ཏའེ་པའོ་རུ་སླར་ཡང་སྐྱར་གསོ་བྱས་པ་རེད།
ཧྲེང་པི་ཏའེ་པའོ་གྲོང་ཁྱེར་བཙུགས་པ་ནས་བཟུང་། གྲོང་ཁྱེར་དེ་ཨུ་རུ་སུ་རྒྱལ་ཁབ་ཀྱི་སྒྱུ་རྩལ་དང་། རིག་གནས། རིག་གཞུང་བཅས་སྤེལ་རེས་བྱེད་པའི་ལྟེ་གནས་ཤིག་ཏུ་ཆགས། གྲོང་ཁྱེར་ལྟེ་གནས་དེ་ཨོ་ཧྥུ་སི་ཅི་ཁྲོམ་ལམ་དེ་འགྲོ་ལམ་གཙོ་བོ་བྱས་པ་དང་ཆབས་ཅིག ཨུ་རུ་སུ་གོང་མའི་རྒྱལ་ཁབ་སྐབས་སུ་གནའ་གཞུང་རིང་ལུགས་དང་། པ་ལུའོ་ཁེ་རིང་ལུགས། སྒྱུ་རྩལ་གསར་པའི་རིང་ལུགས་བཅས་གནའ་རབས་ཀྱི་འཛུགས་སྐྲུན་བཟོ་རྩལ་ཧ་ཅང་མང་པོ་ཡོད་ཅིང་། གནའ་རབས་ཀྱི་གྲོང་ཁུལ་དུ་ཨུ་རུ་སུའི་ཕོ་བྲང་ཆེན་པོ་གསུམ་ཡོད་དེ། དགུན་བཞུགས་ཕོ་བྲང་དང་། དབྱར་བཞུགས་ཕོ་བྲང་། ཁའེ་པའི་ལིན་ཕོ་བྲང་བཅས་གནའ་ཤུལ་ཧ་ཅང་མང་པོ་ཡོད་རེད། དེ་དག་ཚང་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ཤུལ་བཞག་རིག་གནས་སུ་བཞག་ཡོད་པ་རེད།
དབྱར་བཞུགས་ཕོ་བྲང་གི་མེ་ཏོག་ལྡུམ་ར་དང་དགུན་བཞུགས་ཕོ་བྲང་གི་སྒྱུ་རྩལ་དངོས་རྫས་ལ་གཟིགས་སྐོར།
ཧྲིང་ཝ་ཞི་ལི་ཆོས་ཁང་ཆེན་མོ།
མཛེས་ཤིང་བརྗིད་ཆགས་པའི་དབྱར་བཞུགས་ཕོ་བྲང་དེ་ཧྥུན་ལན་ཝན་མཚོ་འགྲམ་གྱི་ནགས་རི་དཀྱིལ་དུ་ཆགས་ཡོད་པ་དང་། དུས་རབས་རིམ་བྱུང་གི་ཨུ་རུ་སུའི་གོང་མའི་དབྱར་བཞུགས་ཕོ་བྲང་དང་། པའི་ཏའེ་གོང་མ་དང་པོ་སྐུ་ངོ་མས་འཆར་འགོད་བྱས་པ་ཡིན་པའི་དབང་གིས་པའི་ཏའེ་ཕོ་བྲང་ཞེས་པའི་མིང་ཡང་བཏགས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ནང་བཞག་ཡོད་པ་དང་། དབྱར་བཞུགས་ཕོ་བྲང་ནི་མེ་ཏོག་ལྡུམ་ར་གོང་འོག་གཉིས་སུ་བགོས་ཡོད་ཅིང་། སྐད་གྲགས་ལྡན་པའི་མེ་ཏོག་ལྡུམ་ར་འོག་མ་ནི་༡༧༠༤ལོར་འཛུགས་སྐྲུན་བྱས་པ་དང་། དེ་དང་འབྲེལ་བའི་ལྡུམ་ར་རྣམས་ནགས་ཚལ་ལྟ་བུར་སྐྱེད་ཚལ་དུ་བཟོ་སྐྲུན་བྱས་ཤིང་། མཛེས་སྡུག་ལྡན་པའི་ནགས་ཚལ་དང་ངོ་མཚར་བའི་ཁང་བརྩེགས་དེ་རྣམས་འཛམ་གླིང་ཀུན་གྱི་ཡུལ་སྐོར་མགྲོན་པོ་རྣམས་ངང་གིས་འགུག་བཞིན་ཡོད་པ་རེད།
ཡེ་ཝ་ཆུ་འགྲམ་གྱི་དགུན་བཞུགས་ཕོ་བྲང་།
དགུན་བཞུགས་ཕོ་བྲང་ནི་དེ་སྔོན་ཨུ་རུ་སུའི་གོང་མའི་ཕོ་བྲང་ཞིག་ཡིན་པ་དང་། ཕོ་བྲང་དེར་བསྐྱོད་དུས་གཟི་མདངས་རྣམ་པར་འཚེར་བ་དང་། ཨུ་རུ་སུ་རྒྱལ་ཁབ་དུ"དབེན་པའི་བཤམས་སྟོན་ཁང"ཞིག་ཡིན་པར་བརྗོད་ཀྱི་ཡོད་པས། དེང་སང་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་བཤམས་སྟོན་ཁང་ཞིག་ཡིན། ཉིའུ་ཡོའོ་གྲོང་ཁྱེར་ཆེན་མོའི་བཤམས་སྟོན་ཁང་དང་དབྱིན་ཇིའི་ཏ་དབྱིན་བཤམས་སྟོན་ཁང་། ཧྥ་རན་སེའི་ལུ་ཧྥུ་ཕོ་བྲང་བཅས་དང་མཉམ་དུ་འཛམ་གླིང་གི་བཤམས་སྟོན་ཁང་ཆེན་པོ་བཞིའི་གྲས་རེད།
ཨར་པ་ཐེ་ཁྲོམ་ལམ་རྙིང་པར་སྐྱོད་པ།
ཨར་པ་ཐེ་ཁྲོམ་ལམ།
ཨར་པ་ཐེ་ཁྲོམ་ལམ་ནི་མོ་སི་ཁོ་གྲོང་ཁྱེར་གྱི་གནའ་རབས་ཁྲོམ་རྙིང་ཞིག་ཡིན་པ་དང་། ཁྲོམ་ལམ་གྱི་མིང་ནི་དུས་རབས་བཅུ་གཅིག་པར་ཨ་རབ་ཀྱི་ཡི་གེ་བརྒྱུད་ནས་བྱུང་བ་ཞིག་རེད། སྤྱི་ལོ་༡༩༩༤ལོར་ཁྲོམ་ལམ་འཛུགས་ནས་ལོ་ངོ་༥༠༠འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་ཡོད་ཅིང་། ཁྲོམ་ལམ་དེའི་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་ཅིང་། གནས་ཡུལ་བཟང་བ་བཅས་ཀྱིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་འདི་གར་ཆགས་ཡོད་པ་རེད། ཁྲོམ་ལམ་དེའི་སྟེང་ག་ས་གར་རི་མོ་འབྲི་མཁན་དང་། ཨུ་རུ་སུའི་མཛེས་མ་དང་ཕོ་གསར་རྣམས་མཐོང་རྒྱུ་ཡོད་པ་དང་། ཁ་ཧྥེའི་ཇ་ཁང་ནང་དུ་ཁ་བརྡ་ལབ་པ་དང་ཨུ་རུ་སུའི་ལུགས་སྲོལ་ལྟར་བག་ཡངས་ངང་སྤྲོ་གསེང་གཏོང་བཞིན་ཡོད་དོ། །