གཅིག སྐད་གཉིས་གཞུང་སྒྲུབ་དོ་དམ་མ་ལག་གི་བྱུང་བ།
དང་པོ། ལོ་རྒྱུས་རྒྱབ་ལྗོངས།
སྤྱི་ལོ༢༠༡༣ལོའི་ཟླ་བརྒྱད་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་འཛད་སྤྱོད་རྒྱ་སྐྱེད་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་ཚུལ་ཁ་ཤས་ཞེས་པ་དང་། ༢༠༡༣ལོར་རྒྱལ་ཡོངས་ལ་བསྒྲགས་པའི་ཡིག་ཆ་ཨང་སོ་གཉིས་པ་ཞེས་པའི་ནང་རང་རྒྱལ་གྱིས་ཤེས་ལྡན་གྲོང་ཁྱེར(智慧城市)འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པ་དང་། སྤྱི་ལོ༢༠༡༤ལོའི་ཟླ༨པར། རྒྱལ་ཁབ་ཁྲིམས་སྲིད་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་བརྡ་འཕྲིན་སྡེ་ཁག་སོགས་ལས་ཁུངས་བརྒྱད་ཀྱིས་མཉམ་འབྲེལ་སྒོས་ཁྱབ་བསྒྲགས་བྱས་པའི་རང་རྒྱལ་གྱི་ཤེས་ལྡན་གྲོང་ཁྱེར་བདེ་ཐང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་ཚུལ་དང་ཁྲིམས་སྲིད་བཅོས་བསྒྱུར་ལས་ཁུངས་ཀྱི་སྤྱི་ལོ༢༠༡༤ལོའི་ཡིག་ཆ་ཨང༡༧༧༠པ་ཞེས་པའི་ནང་ཤེས་ལྡན་གྲོང་ཁྱེར་འཛུགས་སྐྲུན་གྱི་བྱ་བར་གོམ་གང་མདུན་སྤོས་ཀྱིས་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་དྲ་རྒྱ+ཤེས་ལྡན་སྲིད་དོན(互联网+智慧政务)ལ་སྐུལ་འདེད་དང་། ཤེས་ལྡན་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་བྱ་བར་གོམ་གང་མདུན་སྤོས་ཀྱིས་ཤུགས་སྣོན་དགོས་པའི་བསམ་ཚུལ་བཏོན་ཡོད་པ་རེད། འདི་ནི་ཉེ་བའི་ལོ་འགའི་རིང་རང་རེའི་རྒྱལ་ཁབ་ཀྱི་སྲིད་དོན་བྱ་བའི་འཕེལ་ཕྱོགས་གཙོ་བོ་ཡིན་ལ། དེང་རབས་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་འདིའི་རྩ་བའི་གནས་བབ་ཀྱི་འགྱུར་ལྡོག་ཅིག་ཀྱང་ཡིན། ལྷག་པར་དུ་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་གཙོ་བྱས་པའི་ཡུལ་སྲོལ་གོམས་གཤིས་སོགས་ཀྱིས་མཚོན་པའི་སྲོལ་རྒྱུན་རིག་གནས་དེ་དུས་འགྱུར་འདིའི་ཀློང་ན་ཉམས་ཉེན་གྱི་འགག་རྩར་སླེབས་ཡོད་པ་སྟེ། སྲིད་དོན་གྱི་ལས་གནས་སུ་སྐད་ཡིག་ལ་བཀོལ་སྤྱོད་ཀྱི་རིན་ཐང་མེད་པར་གྱུར་བ་སོགས་ཀྱིས་མཚོན་པའི་སྐད་ཡིག་རིག་གནས་བེད་མེད་སོར་གནས་ཀྱི་རྣམ་པར་འདུག་པས། ད་ནི་དུས་བསྟུན་གསར་བརྗེ་ཞིག་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་མདུན་ལྗོངས་སུ་ལྷགས་པའི་ཉེན་ཚབས་འདི་དག་ཟློག་ཐབས་བྱེད་དགོས་པ་རེད།
གཉིས་པ། བྱུང་བའི་སྐོར།
ཉེ་བའི་ལོ་འགའི་རིང་ཀྲུང་དབྱང་གིས་གོམ་གང་མདུན་སྤོས་ཀྱིས་སྲིད་དོན་ཆོག་མཆན་འགོད་པའི་ལམ་ལུགས་ཀྱི་བཅོས་བསྒྱུར་དང་། རྒྱལ་ཁབ་ཀྱི་ཆ་འཕྲིན་དམངས་ཕན་ལས་གཞིའི་སྐུལ་འདེད་འོག གྲོང་ཁྱེར་མང་པོ་ཞིག་གིས་སྲིད་དོན་ཆོག་མཆན་འགོད་པའི་བརྒྱུད་རིམ་ཇེ་ཉུང་དུ་གཏོང་བ་དང་། དམངས་ཕན་ཆ་འཕྲིན་གྱི་ནུས་པ་དེ་ཤེས་ལྡན་གྲོང་ཁྱེར་འཛུགས་སྐྲུན་གྱི་བྱ་བའི་གནད་འགག་ཏུ་བཟུང་ཡོད། ལྷག་པར་དུ་བོད་ལྗོངས་ཀྱི་ཤེས་ལྡན་གྲོང་ཁྱེར་འཛུགས་སྐྲུན་དང་། དྲ་རྒྱ+ཤེས་ལྡན་གྲོང་ཁྱེར་འཛུགས་སྐྲུན་གྱི་བྱ་བ་འཕེལ་མེད་སོར་གནས་ཀྱི་རྣམ་པར་གནས་ཡོད་པ། སྲོལ་རྒྱུན་གྱི་རྙོག་འཛིང་ཆེ་བའི་བྱ་བའི་བརྒྱུད་རིམ་དག་ལ་བསྒྱུར་བཅོས་བྱས་ཏེ། ཡུན་ཐུང་ངང་སྲིད་དོན་གྱི་བྱ་བ་མང་པོ་གཅིག་བསྡུས་ངང་ཐག་གཅོད་བྱེད་པའི་མ་ལག་ཅིག་འཛུགས་སྐྲུན་བྱ་རྒྱུ་ནི་དུས་རབས་གསར་བའི་འཕེལ་ཕྱོགས་ཀྱི་བླང་བྱ་གལ་ཆེན་ཞིག་དང་། ཆ་འཕྲིན་དུས་རབས་ཀྱི་དགོངས་པ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།
གློག་རྡུལ་སྲིད་དོན་གྱི་དྲ་རྒྱའི་དོ་དམ་མ་ལག་གིས་སྲིད་དོན་ལས་རིགས་སྟབས་བདེ་ཅན་དུ་བསྒྱུར་ནས་གཞུང་ཞབས་པའི་བྱ་བའི་ལས་ཆོད་མཐོར་འདེགས་གཏོང་བ་དང་། རྒྱ་ཆེའི་མི་དམངས་ཀྱི་དགོས་མཁོ་མགྱོགས་མྱུར་ངང་སྐོང་ཐུབ་པར་མ་ཟད། གཞུང་ཞབས་མི་སྣ་རེ་རེས་སྲིད་དོན་གྱི་བྱ་བ་རེ་རེ་དུས་ཐོག་དབྱེ་ཞིབ་བྱས་ཏེ། རྒྱ་ཆེའི་མི་དམངས་ལ་དུས་བསྟུན་ཞབས་འདེགས་ཞུ་ཐུབ་པ་ཡིན། དེ་མིན་སྲིད་དོན་བྱ་བའི་མ་དངུལ་གྱི་འགྲོ་གྲོན་ཇེ་ཉུང་དུ་གཏོང་བ་དང་། མི་དམངས་ཀྱི་ཆུ་ཚད་སྔར་ལས་གོང་འཕེལ་དུ་གཏོང་བར་བྱས་རྗེས་བླ་མེད་འཇོག་ཐུབ། མདོར་ན་དྲ་རྒྱའི་གཞུང་སྒྲུབ་དོ་དམ་མ་ལག་གིས་སྲིད་དོན་བྱ་བ་དེང་རབས་ཅན་དང་ཆ་འཕྲིན་ཅན། ཚད་ལྡན་ཅན་དུ་གཏོང་བར་བྱས་རྗེས་བླ་མེད་འཇོག་ཐུབ།
གོང་གསལ་གྱི་དངོས་ཡོད་གནས་ཚུལ་གཙོར་བྱས་ཏེ་བོད་ལྗོངས་ཀྱི་ཤེས་ལྡན་གྲོང་ཁྱེར་འཛུགས་སྐྲུན་དང་། དྲ་རྒྱ+ཤེས་ལྡན་གཞུང་སྒྲུབ་(互联网+智慧办公)འཛུགས་སྐྲུན་གྱི་དགོས་མཁོར་དམིགས་ནས། སི་ཁྲོན་སྤྲིན་གྱི་ཕོ་ཉ་ཚན་རྩལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གིས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་ཆ་འཕྲིན་ལག་རྩལ་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཆ་འཕྲིན་ཅན་གྱི་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། དེང་རབས་ཆ་འཕྲིན་ལག་རྩལ་གྱི་ཐབས་ལམ་ལ་བརྟེན་ནས། འཇར་མན་གྱིMANཚོགས་པ་དང་། SAPསྤྱི་གཉེར་ཁང་གི་མཉེན་ཆས་གསར་འབྱེད་ཉམས་མྱོང་ལ་སློབ་སྦྱོང་བྱས་མཐར། ལོ་ངོ་དྲུག་རིང་གི་གསར་འབྱེད་དང་། ཐེངས༥༨ལ་པར་གཞི་གསར་བརྗེ་བྱས་པ་བརྒྱུད་ནས་མཐོ་སྒང་སྐར་ཆེན་ཞེས་པའི་བོད་རྒྱ་སྐད་གཉིས་ཤེས་ལྡན་གཞུང་སྒྲུབ་དོ་དམ་མ་ལག་དངོས་སུ་གསར་འབྱེད་བྱེད་ཐུབ་པ་བྱུང་ཞིང་། མ་ལག་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་དོན་བྱ་བའི་གནས་ཚུལ་དངོས་ལ་གཞིགས་ནས་བཟོས་པ་ཡིན་ནོ། །
གཉིས། སྐད་གཉིས་གཞུང་སྒྲུབ་དོ་དམ་མ་ལག་གི་ཁྱད་ཆོས།
དང་པོ། སྐད་གཉིས་རང་བཞིན།
བོད་རྒྱ་སྐད་གཉིས་གཞུང་སྒྲུབ་དོ་དམ་མ་ལག་ནི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་དོན་བྱ་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་གསར་བཟོ་བྱས་པ་ཡིན་པས། ས་གནས་འདིར་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་སྲིད་དོན་བྱ་བ་སྒྲུབ་རྒྱུ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་རང་སྐྱོང་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པར་མ་ཟད། རྒྱ་ཆེའི་མི་དམངས་ལ་ཞབས་འདེགས་ཞུ་སྐབས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན་ཕྱིར། སྐད་གཉིས་གཞུང་སྒྲུབ་དོ་དམ་མ་ལག་ལ་བོད་རྒྱ་སྐད་གཉིས་ཀྱི་རང་བཞིན་ལྡན་པ་ཡིན། ད་དུང་མ་ལག་འདིས་དྲ་རྒྱ་བརྒྱུད་དེ་བོད་རྒྱ་ཡིག་རིགས་གཉིས་ཐད་ཀར་ལོ་ཙཱ་བྱེད་ཐུབ་པས། ཚད་མཐོན་པོའི་ངང་སྐད་ཡིག་གཉིས་ཀྱི་བར་ཁྱད་ཇེ་ཆུང་དུ་བཏང་ཡོད།
གཞུང་སྒྲུབ་མ་ལག་འདི་ལ་བོད་རྒྱ་སྐད་གཉིས་ཀྱི་རང་བཞིན་ལྡན་པ་འདིས། བོད་ལྗོངས་ཀྱི་གཞུང་ཞབས་པ་དག་གིས་ངེས་པར་དུ་བོད་ཡིག་སྦྱོང་དགོས་པའི་གཞི་རྩའི་ཆ་རྐྱེན་བཏོན་ཡོད་ཅིང་། གྲངས་ཉུང་མི་རིགས་ས་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པའི་གཞི་རྩའི་རྩ་དོན་སྲུང་འཛིན་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དུས་རབས་གསར་བའི་འཕེལ་ཕྱོགས་དང་བསྟུན་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐད་ལ་བྱས་རྗེས་རླབས་ཆེན་བཞག་ཡོད།
གཉིས་པ། ཚད་ལྡན་རང་བཞིན།
སྲོལ་རྒྱུན་གྱི་སྲིད་དོན་བྱ་བའི་གོ་རིམ་ནི་རྙོག་འཛིང་ཆེ་ཞིང་བྱ་བའི་འགན་ཁུར་ལྕི་བ་ཞིག་ཡིན་པས། ཚད་ངེས་ཅན་ཞིག་ཏུ་རྒྱ་ཆེའི་མི་དམངས་ཀྱི་འཚོ་བར་ཤུགས་རྐྱེན་རབ་དང་རིམ་པ་ཐེབས་བཞིན་ཡོད། དེ་ཡང་སྲིད་དོན་གྱི་ཆོག་མཆན་འགོད་པའི་བརྒྱུད་རིམ་སོགས་མངོན་གསལ་མིན་པར་དཀའ་ཁག་དང་རྙོག་འཛིང་ཆེ་བ་ཞིག་ཡིན་ལ། དེ་དང་བསྟུན་ནས་སྲིད་དོན་བྱ་བའི་ལས་ཆོད་ཀྱང་ཧ་ཅང་དམའ་བ་ཡིན། དེ་ལས་སྲིད་དོན་སྒྲུབ་པའི་གོ་རིམ་ཁྲོད་ལྐོག་ཟ་རུལ་སུངས་ཀྱི་དོན་རྐྱེན་རབ་དང་རིམ་པ་བྱུང་བས། མི་དམངས་ཀྱི་འཚོ་བ་གཙོ་བྱས་པའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སོགས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད། ཡིན་ནའང་། ཤེས་ལྡན་གཞུང་སྒྲུབ་མ་ལག་གིས་སྲོལ་རྒྱུན་གྱི་རྙོག་འཛིང་ཆེ་བའི་ལས་རིམ་དེ་དག་སྟབས་བདེར་བཟོས་ཡོད་ཅིང་། དེ་ལས་བྱ་བའི་གོ་རིམ་རེ་རེ་བཞིན་མངོན་གསལ་ཅན་དུ་བསྒྱུར་ཡོད་པས། ཚད་ལྡན་རང་བཞིན་གྱི་གཞུང་སྒྲུབ་མ་ལག་འདིས་གཞུང་སྒྲུབ་བྱ་བའི་དོན་རྐྱེན་དག་ཡོ་བསྲང་བྱེད་ཐུབ་པར་མ་ཟད། བྱ་བའི་ལས་ཆོད་མཐོར་འདེགས་གཏོང་བ་དང་གྲུབ་འབྲས་མངོན་གསལ་དུ་གཏོང་བར་སྔར་མེད་ཀྱི་དགེ་མཚན་གསར་བ་ཐོན་ཡོད།
བོད་རྒྱ་སྐད་གཉིས་གཞུང་སྒྲུབ་དོ་དམ་མ་ལག་ལ་སྐད་གཉིས་རང་བཞིན་དང་ཚད་ལྡན་རང་བཞིན་གཙོ་བྱས་པའི་ཆ་འཕྲིན་རང་བཞིན་དང་སྟབས་བདེ་རང་བཞིན། ཚན་རྩལ་རང་བཞིན་སོགས་ཀྱི་ཁྱད་ཆོས་མང་པོ་ཞིག་ལྡན་མོད། འདིར་ཡིག་ཚོགས་མང་དྲགས་པ་དང་། ཚན་རྩལ་སྐོར་གྱི་རྒྱུན་སྤྱོད་ཐ་སྙད་མང་པོ་ཞིག་ལ་ཚད་ལྡན་གྱི་ལོ་ཙཱ་བྱུང་མེད་པས། འགྲེལ་བརྗོད་དཀའ་བར་གཞིགས་ནས་རེ་ཞིག་སྐྱུང་བར་བྱས་སོ། །
གསུམ། སྐད་གཉིས་གཞུང་སྒྲུབ་དོ་དམ་མ་ལག་ལས་འཕྲོས་པའི་བོད་སྤྱི་ཚོགས་གསར་བའི་འཕེལ་ཕྱོགས།
ཆ་འཕྲིན་ལག་རྩལ་གྱིས་སྤྱི་ཚོགས་ལ་ཁ་ལོ་བསྒྱུར་བའི་དུས་རབས་འདིར། བོད་རྒྱ་སྐད་གཉིས་གཞུང་སྒྲུབ་དོ་དམ་མ་ལག་ནི་དེང་རབས་ཅན་གྱི་སྤྱི་ཚོགས་གསར་བའི་འཕེལ་ཕྱོགས་དང་མཐུན་པར་མ་ཟད། མི་རིགས་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་དང་། འཆམ་མཐུན་སྤྱི་ཚོགས་བཅས་ཀྱི་བླང་བྱ་དང་དངོས་སུ་མཐུན་པས། འདི་ལས་བོད་ཁུལ་གྱི་སྲིད་དོན་གཉེར་བའི་སྡེ་ཁག་ལ་མཁའ་དབུགས་གསར་བ་ཞིག་ཆགས་ངེས་ཡིན་ལ། དེ་མིན་རྒྱ་ཆེའི་མི་དམངས་ཀྱི་འཚོ་བའང་སྔར་ལས་སྟབས་བདེ་ཞིག་ཏུ་འགྱུར་ཐུབ་པ་ཡིན། འདི་དང་འདི་ལྟ་བུའི་ཚན་རྩལ་དུས་རབས་ཀྱི་ཐོན་རྫས་རེ་རེས་ང་ཚོའི་སྤྱི་ཚོགས་འདིའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཞི་ནས་བསྒྱུར་ངེས་ཡིན་ལ། མི་རྣམས་ཀྱི་བསམ་བློའི་འདུ་ཤེས་དང་དངོས་པོའི་དཔལ་ཡོན་སོགས་སྔར་ལས་ཕུན་སུམ་ཚོགས་པར་གཏོང་སྲིད། དེ་བས་ཚན་རྩལ་གྱི་ཐོན་རྫས་འདི་དག་བེད་སྤྱོད་ཀྱི་གོ་རིམ་ཁྲོད་ང་ཚོས་གོ་སྐབས་དམ་འཛིན་ངང་ཡང་དག་པའི་མི་རིགས་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་བྱེད་པ་སྟེ། སྲོལ་རྒྱུན་རིག་གནས་ལས་སྙིགས་དོར་བཅུད་ལེན་གྱི་རྩ་དོན་གཞིར་བཟུང་ནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གཏོང་དགོས་ལ། གྲངས་ཉུང་མི་རིགས་ས་ཁུལ་གྱི་རང་སྐྱོང་ལམ་ལུགས་སྔར་ལས་ལག་བསྟར་མཐའ་འཁྱོལ་ཡོང་དགོས། དེ་མིན་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ང་ཚོས་འབད་བརྩོན་ལྷོད་མེད་ངང་རྒྱ་ཆེའི་མི་དམངས་ལ་ཞབས་འདེགས་ཞུས་ཏེ། ཁོ་ཚོའི་རེ་འདོད་སྐོང་ཅི་ཐུབ་དང་། བསམ་ཚུལ་སོགས་དང་ལེན་བྱ་ཅི་ཐུབ་བྱས་ན་སྤྱི་ཚོགས་བརྟན་ལྷིང་དང་འཕེལ་རྒྱས། འཆམ་མཐུན་བཅས་ཀྱི་ཕུགས་འདུན་ཚང་མ་ངང་གིས་འགྲུབ་ཡོང་བ་རེད།