ཤིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་ཚིགས་ཐོག་ཚེས་17ཉིན་གནས་ཚུལ་སྤེལ་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་2014ལོའི་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ལེགས་གྲུབ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
2014ལོའི་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ལས་དོན་ཚོགས་འདུ་དེ་ཚེས་16དང་ཚེས་17ཉིན་པེ་ཅིན་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་འདི་ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་འཛུགས་ལོ་ཞིག་ཡིན་པས་ལས་འགན་ལྕི་ལ་དཀའ་ཚེགས་ཆེ་བས་ངེས་པར་དུ་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་མ་གཏོང་དགོས་པའི་ནན་བཤད་བྱས་པ་སྟེ།
གཅིག་ནི་མ་འཇོག་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། མ་འཇོག་དང་ཞིབ་མཆན་འགོད་པའི་ལམ་ལུགས་བསྒྱུར་བཅོས་ལ་མགྱོ གས་མྱུར་སྐུལ་མ་བཏང་སྟེ་མ་འཇོག་དང་ཞིབ་མཆན་འགོད་པའི་རྣམ་གྲངས་སྔར་བས་ཁུ་བསྡུ་དང་གཤམ་སྤྲོད་ཀྱིས་མ་འཇོག་ཁྱབ་ཁོངས་ཀྱི་ཁྲིམས་ལུགས་ཅན་འཛུགས་སྐྲུན་ལ་སྐུལ་མ་གཏོང་དགོས། དམངས་ཁྲོད་ཀྱི་མ་འཇོག་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩར་སྐུལ་མ་གཏོང་བ་དང་ལྷག་དོན་དུ་དམངས་ཁྲོད་མ་འཇོག་ནང་ཞུགས་པའི་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་ཁག་གཅིག་ཁྱབ་གདལ་གཏོང་དགོས། ལྕགས་ལམ་མ་འཇོག་གི་སྒྲིག་གཞི་བསྒྱུར་བཅོས་ལ་གང་མགྱོ གས་སྐུལ་མ་བཏང་ནས་སྤྱི་ཚོགས་ཀྱི་མ་རྩ་རྣམས་ལྕགས་ལམ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་དགོས་པ་དང་།
གཉིས་ནི་ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་སོགས་ཀྱི་རིན་གོང་བསྒྱུར་བཅོས་ལ་སྐུལ་མ་བཏང་ནས་ཁྲོམ་རས་རིན་གོང་གཏན་འཁེལ་བྱས་པའི་ལམ་སྲོལ་གཙོ་བོ་ཆགས་པ་བྱེད་དགོས་པ།
གསུམ་ནི་ནོར་ཁྲལ་དངུལ་རྩའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ།
བཞི་ནི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་བཏང་ནས་གཞི་རྩའི་དཔལ་འབྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དབང་བའི་ལམ་ལུགས་བསྲེས་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་པ།
ལྔ་ནི་དྲང་གཞག་དང་། སྒོ་དབྱེ། ཕྱི་གསལ་ནང་གསལ་བཅས་ཀྱི་ཁྲོམ་རའི་སྒྲིག་སྲོལ་འཛུགས་དགོས་པ།
དྲུག་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འབྲེལ་ཡོད་བསྒྱུར་བཅོས་ལ་སྐུལ་མ་གཏོང་དགོས་པ།
བདུན་ནི་མ་འཇོག་ཚོང་དོན་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་དགོས་པ།
བརྒྱད་ནི་སྤྱི་ཚོགས་བྱ་གཞག་གི་འབྲེལ་ཡོད་བསྒྱུར་བཅོས་ལ་སྐུལ་མ་གཏོང་དགོས་པ།
དགུ་ནི་ཐོན་ཁུངས་གྲོན་ཆུང་གི་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་སོ།