༄༅།། རྒྱལ་ཆེན་སྡེ་བཞི།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-17




     འདུལ་བ་ལུང་ལས། སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་རྒྱལ་ཆེན་བཞི་འདི་ནམ་མཁའ་ལྡིང་སྒྲ་སྙན་དང་།སྒྲ་ཆུང་དང་།  ཀླུ་དབུགས་དང་། དབུགས་ཆེན་དུ་གྱུར་པ་ན་བཞི་གས་སངས་རྒྱས་ཀྱི་ཡོན་ཏན་ཤེས་ཏེ་དད་ནས་སློབ་པའི་གཞི་བཟུང་། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འཇིག་རྟེན་སྐྱོང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ནམ་མཁའ་ལྡིང་གཉིས་མིག་མི་བཟང་དང་། རྣམ་ཐོས་སྲས། ཀླུ་གཉིས་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོར་གྱུར་ཏེ། སྟོན་པ་མངལ་དུ་བཞུགས་པ་ནས་བཟུང་སངས་རྒྱས་པའི་བར་བསྲུངས། རབ་ཏུ་བྱུང་བ་ན། རྡོའི་ལྷུང་བཟེད་ཀྱང་ཕུལ། དམ་པའི་ཆོས་དང་འཁོར་རྣམ་བཞི་སྲུང་བར་དམ་བཅས་ཤིང་། སྟོན་པས་ཀྱང་རྒྱུད་སྡེ་མང་པོའི་ལྷའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་རྒྱུད་ཀྱང་གཏད། སྟོན་པས་བསྟན་པ་ལྷ་མི་གཉིས་ཀར་གཏད་དགོངས་པ་ན། ཕྱོགས་བཞི་ནས་རྒྱལ་ཆེན་བཞིས་འཇིག་རྟེན་པའི་ཚུལ་གྱིས་ཐུགས་བསྐྱེད་པ་ན། སྟོན་པས་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དབུས་ཀྱི་རིགས་ཡིན་པས་དབུས་སྐད་དང་མིག་མི་བཟང་དང་།རྣམ་ཐོས་སྲས་གཉིས་མཐའ་འཁོབ་པའི་རིགས་ཡིན་པས་མཐའ་འཁོབ་ཀྱི་སྐད་ཀྱིས་ཆོས་གསུངས། དེ་རྣམས་བདེན་པ་མཐོང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་སོ། །རི་རྒྱལ་ལྷུན་པོའི་ཕྱོགས་བཞིར་གནས་ཞིང་ལྷུན་པོའི་ཕྱོགས་མདོག་དང་རྒྱལ་ཆེན་བཞིའི་མདོག་ཀྱང་མཚུངས་པ་ཡིན་དེ་རྣམས་རིན་པོ་ཆེའི་ཁྲི་སྟེང་རྒྱལ་པོ་རོལ་བའི་སྟབས་ཀྱིས་འཁོར་འགྱུར་རྒྱལ་པོའི་ཆས་སུ་བཞུགས་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1