ཕྱི་སྣོད་ཀྱི་སྙིང་བཅུད། །མཛེས་སྡུག་གི་གནའ་གྲོང་།།

མཁའ་འགྲོ་ཚེ་རིང་། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 01-19


ང་ཚོས་སྡེ་དགེ་ཞེས་གླེང་ཡོང་བའི་ཚེ་ན། དེ་མ་ཐག་དྲན་པའི་མཁའ་དབྱིངས་སུ་གསེར་གྱི་ཉི་མ་བཞིན་མཚར་སྡུག་གིས་བཀྲ་འོངས་པ་ནི་མེས་པོ་སྐུ་དྲིན་ཅན་ཚོས་ཕྱི་རབས་བུ་རྒྱུད་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དུ་བཞག་པའི་སྡེ་དགེ་པར་ཁང་ཆེན་མོ་དེ་རེད། སྡེ་དགེ་ཡིས་ང་ཚོ་ལ་འདི་ལྟ་བུའི་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ཕུལ་ཡོད་པར་མ་ཟད། ད་དུང་ཐོས་འཛིན་རྣ་བའི་བུ་རམ་དང་འདྲེན་བྱེད་མིག་གི་དགའ་སྟོན་དུ་འབྱོར་བའི་རྟགས་དང་ལྟད་མོ་ཕུན་སུམ་ཚོགས་པ་ཞིག་གིས་ནམ་ནམ་ཞར་ཞར་ལ་ང་ཚོའི་ཡིད་ཀྱི་རྟ་ཕོའི་བང་ཁ་གནས་མཆོག་སྡེ་དགེ་ཡི་ཕྱོགས་སུ་བསྒྱུར་བར་བསུ་མ་བྱས་དང་བྱེད་བཞིན་མཆིས།

སྡེ་དགེའི་རྒྱན་གོས།

འདི་ན་ཉམས་པ་མེད་པའི་མཚར་སྡུག་ཡོད། འདི་ན་རྫོགས་པ་མེད་པའི་གཏམ་རྒྱུད་ཡོད། འདི་ན་ཡལ་བ་མེད་པའི་དྲན་པ་ཡོད། འདི་ནི་ངག་རྒྱུན་ཁྲོད་ཀྱི་དག་ཞིང་ཡིན། 《 ཕ་ཡུལ་སྡེ་དགེ》 ཞེས་པའི་གླུ་གཞས་འདི་ཡི་སྙན་པའི་དབྱངས་ཀྱི་འགྱུར་ཁུགས་དང་བསྡོངས་ནས་ང་ཚོ་མ་ཎི་གད་མགོ་ལ་སླེབས་པ་ན། ཡིད་ལྷུང་ལྷ་མཚོ་ནི་གནམ་སྔོན་པོ་ཐང་ལ་ལྷུང་བའམ། ས་དོག་མོ་གནམ་གྱིས་བཀབ་པ་ལྟར་ང་ཚོའི་ཡིད་ཀྱི་དང་བ་འདྲེན་པའི་གསོས་སུ་སྨིན། ང་ཚོས་འདི་ནས་གླིང་སེང་འབྲུག་སྟག་རྩེ་ཕོ་བྲང་གི་རྔམ་བརྗིད་དང་།

མ་སེང་ལྕམ་འབྲུག་མོས་གླིང་གེ་སར་རྒྱལ་པོ་ནག་པོ་བདུད་བཞི་བཅོམ་པར་ཕེབས་པའི་རྗེས་སུ་ཅེར་རེ་གཟིགས་པའི་མཚར་སྡུག་གི་མིག་ཟུང་དང་མཛེས་སྡུག་གི་ཞལ་རས་ལ་རྟོག་པ་འཆར་ཡན་གྱི་ལམ་ནས་ཕྱིར་དྲན་ཞིག་མི་བྱ་ཀ་མེད་ཡིན་པས། ཡིད་ལྷུང་ལྷ་མཚོ་ནི་དྲན་པའི་མེ་ལོང་ཞིག་དང་གཉིས་སུ་མ་མཆིས།

གདོད་མའི་གཙང་ཆབ་སྔོན་མོས། །རི་ཀླུང་དར་གྱིས་དཀྲིས་ཡོད། །དངུལ་མདོག་མཚམས་སྤྲིན་རླབས་ཕྲེང་། །ཁྲོ་ལའི་མགུལ་དུ་བཅིངས་ཡོད། །མུ་མཐུད་དུ་《 ཡུལ་སྡེ་དགེ》 ཞེས་པའི་གླུ་གཞས་འདི་ཡི་སྙན་ལྷང་ལྷང་གི་དབྱངས་ཀྱི་འགྱུར་ཁུགས་དང་བསྡོངས་ནས་མདུན་ཕྱོགས་སུ་ཆས་པ་ན། རྩེ་མོ་ཁ་བའི་ཅོད་པན་གྱིས་མཛེས་ཤིང་།མགུལ་དུ་མཚམས་སྤྲིན་མགུལ་དཀྲིས་ཀྱིས་བརྒྱན་པའི་ཁྲོ་ལ་ནི། སྐྱེས་མཆོག་སེང་ཆེན་ནོར་བུ་སྟེང་ཕྱོགས་ལྷ་ཡུལ་ནས་འཇིག་རྟེན་མི་ཡུལ་དུ་ཕེབས་པར་ལས་སྐལ་གྱིས་བསྐྲུན་པའི་གནམ་སྐས་ལྟར་འགྲེངས་ཡོད། ང་ཚོས་གནམ་སྐས་འདི་ཡི་རྩེ་མོ་ནས་ཨ་སྔོན་གནམ་ལ་ལག་སྙོབ་དང་དོག་མོ་ས་ལ་རྒྱང་ལྟ་བྱེད་ཆོག་པས། ཁྲོ་ལ་ནི་མི་སྐྱེས་ཀྱི་རིན་ཐང་ལུས་ཤུགས་ཀྱིས་འཇལ་བའི་ཚངས་ཐིག་ཅིག་ཡིན་པ་མ་ཟད། སེམས་ཀྱི་རྒྱ་ཁྱོན་ཡངས་པའི་འཇིག་རྟེན་གྱི་ཁམས་ལ་བསྲིངས་པའི་མཐུན་རྐྱེན་བཟང་པོ་ཞིག་ཀྱང་རེད།

རྩྭ་ཐང་སྟེང་གི་གཞོན་ནུའི་ལང་ཚོ།

ཡངས་པའི་ཞིང་ཐང་ཡངས་པོར། །གསེར་གྱི་རླབས་རིས་བཀྲ་སོང་། །གནའ་བོའི་པར་ཁང་ཆེན་མོར། །དུང་གི་སྒྲ་དབྱངས་འཁྱིལ་ཡོད། །རྣ་ལམ་དུ་གླུ་གཞས་ཀྱི་དབྱངས་རྟ་རེ་རེ་དང་གླུ་ཚིག་གི་ནང་དོན་རེ་རེ་མུ་མཐུད་དུ་འཁོར་བཞིན་ཡོད་ལ། ང་ཚོས་ཀྱང་གླུ་ངག་གི་དགའ་སྐྱིད་ལ་རོལ་བཞིན་ཕྱི་དམར་པོ་བྱུ་རུའི་རང་མདངས་འཛིན་ཞིང་། ནང་དཀར་པོ་ཆོས་ཀྱི་གླེགས་བམ་བརྩེགས་པའི་སྡེ་དགེ་པར་ཁང་ཆེན་མོའི་སྒོ་མདུན་དུ་སླེབས་པ་ན། བརྐྱངས་ཕྱག་གི་སྣེ་མོ་རུ་ཡིག་དྲུག་གི་དབྱངས་རྟ་མཁའ་ལ་འཕུར་ཞིང་། པར་འདེབས་ཀྱི་བང་རིམ་ན་ཆོས་དུང་གི་སྒྲ་དབྱངས་ལྷང་ལྷང་དུ་གྲགས་བཞིན་ཡོད་པས། སྡེ་དགེ་པར་ཁང་ཆེན་མོ་ནི་སེམས་ཀྱི་ལྗན་ལྗིན་ཀུན་ནས་བཀྲུ་ཞིང་ལུས་ཀྱི་ངལ་དུབ་དབང་གིས་སེལ་བའི་ཡིད་ཀྱི་བསྟི་གནས་ཤིག་ཡིན་པ་མ་ཟད། ལོ་རྒྱུས་ཀྱི་ཀློང་ན་འོད་ལམ་ལམ་གྱིས་འཚེར་བཞིན་པའི་མེས་པོ་སྐུ་དྲིན་ཅན་ཚོ་དང་འབྲེལ་འདྲིས་བྱེད་པའི་བཀྲ་ཤིས་གསེར་ཟམ་ཞིག་ཀྱང་ཡིན་པ་རེད།

དཔའ་མཛངས་གཉིས་ཀྱི་གཙུག་ནོར། །འཛམ་གླིང་སེང་ཆེན་ནོར་བུས། །རྐྱང་རྒོད་གཡེར་བ་ཆིབས་བཞིན། །བང་རྩལ་རླུང་ལ་འགྲན་སོང་། །གླུ་ངག་གི་དབྱངས་རྟའི་ཁྲོད་ནས་འཛམ་གླིང་སེང་ཆེན་ནོར་བུ་ཞེས་གསལ་ལྷང་ལྷང་གིས་གྲགས་འོངས་པའི་ཚེ་ན། ང་ཚོས་དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་གི་བྱུང་བ་ལ་རྒྱུས་ལོན་བྱེད་པའི་འདུན་པ་ཀུན་ནས་བསླངས་ཤིང་། རྟ་མཆོག་རྐྱང་རྒོད་གཡེར་བའི་བྱིན་རླབས་དང་བསྡོངས་ནས་ཨ་ཕྱུག་རྩྭ་ཐང་དུ་སླེབས་པ་ན། ཡངས་པའི་སྤང་ཐང་གི་ངོས་སུ་ཕྲ་རྒྱན་དུ་བཏབ་པའི་མེ་ཏོག་གི་འཛུམ་མདངས་ལས། ང་ཚོས་གླིང་སེང་ལྕམ་འབྲུག་མོ་དང་མེ་བཟའ་ཨ་འབུམ་གཉིས་ཀྱི་མཛེས་སྡུག་གི་ཞལ་རས་མཐོང་ཐུབ་ལ། ལྷུང་ལྷུང་དུ་འབབ་བཞིན་པའི་ཆུ་ཕྲན་གྱི་སྒྲ་དབྱངས་ལས་ཨ་ལ་ལ་མོའི་གླུ་སྐད་ཐོས་ཤིང་། ངར་ཤུགས་ཀྱིས་སྐྱེས་པའི་རྩྭ་ཡི་ཉག་མ་རེ་རེ་ལས་གླིང་དཔའ་རྟུལ་རེ་རེའི་བྱུང་བ་ཚོར་ཐུབ་པས། ཨ་ཕྱུག་རྩྭ་ཐང་ནི་མི་རིགས་ཤིག་གི་དར་རྒུད་རིས་སུ་ཕབ་པའི་ལྗང་མདོག་གི་རི་མོ་ཞིག་ཡིན་པར་མ་ཟད། གླིང་སེང་འབྲུག་སྟག་རྩེ་ཕོ་བྲང་གི་བྱུང་བ་སྦྲུམ་པའི་མཛེས་སྡུག་གི་ངག་རྒྱུན་སྙན་མོ་ཞིག་ཀྱང་རེད།

ཡིད་ལྷུང་ལྷ་མཚོའི་མཛེས་ལྗོངས

རྣ་ལམ་དུ་གླུ་སྐད་སྔར་བཞིན་གྲགས་ཤིང་། མདུན་སྐྱོད་ཀྱི་གོམ་ཁ་སྔར་ལྟར་བསྒྱུར་བས། རྡོ་ཕུ་ལུང་པའི་མཛེས་སྡུག་གི་བཀོད་པ་དང་། སྨན་ཤོད་ལུང་པའི་སྲོལ་རྒྱུན་གྱི་ལག་ཤེས།གཞན་ཡང་ཡུལ་ལུང་སོ་སོའི་དུས་སྟོན་དང་ནང་སྒོས་སུ་ཆོས་རྒྱལ་གོང་མ་རྣམས་ཀྱི་དུས་ནས་དར་སྲོལ་ཆེ་བའི་སྡེ་དགེའི་མདུན་བྲོ་སོགས་ནི་མིག་གི་དཔྱིད་དང་རྣ་བའི་གསོས་སུ་སྨིན་པས། སྡེ་དགེ་ནི་རེ་སྒུག་གི་ཀློང་ན་སྦྲུམ་པའི་ཤེས་རིག་གི་ཕ་ས་ཞིག་དང་། རྨི་ལམ་གྱི་དབང་དུ་འཁྱེར་བའི་དག་ཞིང་གི་གནས་མཆོག་ཅིག་རེད་ཅེས་མགྲིན་པའི་རྫ་རྔ་ཤུགས་ཀྱིས་བརྡུང་དགོས་བྱུང་། ། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1