ཨ་སྐྱབས་དར་རྒྱས་ནི་སློབ་ཆེན་འདོན་དུས་ཁ་ཕོ་ཆེན་པོ་བསྒྲགས་མཁན་དེ་མིན་ལ། སྤྱི་ཚོགས་འཚོ་བར་ཞུགས་དུས་བག་ལ་ཞ་མཁན་དེ་བས་ཀྱང་མིན། སློབ་མཐར་ཕྱིན་དུས་དཔེ་ཆ་གད་སྙིགས་སུ་འཕེན་མཁན་མིན་ལ་ལས་ཞུགས་བྱས་རྗེས་རང་ཉིད་བོར་མཁན་དེའང་མིན། སློབ་མཐར་ཕྱིན་ནས་ད་ལྟའི་བར་དུ་དཔོན་སའི་གོ་གནས་ཀྱི་མ་བཟི་ལ་སྤྱི་ཚོགས་སྡིགས་དམོད་ཀྱི་མ་ཐུབ་པར་བརྩམས་སྒྲུང་གསར་རྩོམ་གྱི་ལས་ལ་འཇུག་བཞིན་ཡོད། ད་བར་བོད་ཀྱི་སློབ་ཆེན་པ་དག་ལས་ཞུགས་བྱས་རྗེས། གསར་རྩོམ་གྱི་རྒྱུན་མ་ལྷོད་པར་མུ་མཐུད་དུ་ལམ་ལ་འཇུག་མཁན་ཧ་ཅང་ཉུང་ལ་སྤྱི་ཚོགས་ཀྱི་ངོ་གདོང་དུ་རྣག་ཐོག་ཁབ་གཙག་བྱེད་ཕོད་མཁན་དེ་བས་ཀྱང་ཉུང་། སློབ་མཐར་ཕྱིན་ནས་ལོ་ངོ་བདུན་གྱི་རིང་ལ་སྒྲུང་རིང་《 ལམ་འགྲོ་བ།》དང་། བོད་ཀྱི་དེང་རབས་རྩོམ་པ་པོའི་དཔེ་ཚོགས་ལས་སྒྲུང་ཐུང་ཕྱོགས་བསྒྲིགས་《མཆོད་མེ།》བཅས་དཔེ་དེབ་གཉིས་པར་སྐྲུན་བྱས། ཁོང་ནི་བོད་ཁུལ་གྱི་བརྩམས་སྒྲུང་གསར་རྩོམ་མཁན་གྱི་ཁྲོད་ནས་བསམ་བློའི་བརྗོད་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་ཕྱོགས་གང་ཐད་ནས་གླེང་ཡང་ངོ་གནོང་མི་དགོས་པ་ཞིག་ཡིན་པར་སེམས།
བསམ་བློའི་བརྗོད་དོན་གྱི་ཐད་ནས་གླེང་ན། རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་མེ་ལོང་ཡིན་ཞེས་པ་ལྟར་ཁོང་གི་བརྩམས་ཆོས་མང་ཤོས་ལ་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་ནས། རིག་གནས་ཆེན་པོས་ཟུར་ཤུགས་གང་རུང་ནས་ཡོང་བའི་ཉེན་ཚབས་ཀྱི་འདུ་ཤེས་དང་། བསམ་བློ་གསར་རྙིང་གཉིས་ཀྱི་འགལ་འདུའི་གནད་དོན་སྐོར་གྱི་ཁོང་གི་འཐུས་ཚབ་བརྩམས་ཆོས་《སྲོག་བསླུ།》 དང་《གཡག་རོག་རོག》སོགས་ཡོད། ལུགས་སྲོལ་རྙིང་བའི་ནག་ཉེས་ཐེར་འདོན་དང་མི་གཤིས་འཁྱོག་སྒྱུར་གྱི་ནག་ཉེས་ཐེར་འདོན་སྐོར་གྱི་འཐུས་ཚབ་བརྩམས་ཆོས་《འཇིབ།》དང་། 《 མཁའ་འགྲོ་མ།》སོགས་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མི་རིགས་སློབ་གསོའི་ཕྱོགས་ནས་འཐུས་ཚབ་བརྩམས་ཆོས་《སྙི་གྲོང་གི་ཁང་པ།》དང་། 《 ཟླ་གསུམ་པའི་ཁ་བ།》སོགས་ཡོད། ཁོང་གི་བརྩམས་ཆོས་ལ་དུས་རབས་ཀྱི་དགོངས་པས་ཕྱུག་ཅིང་ལོ་རྒྱུས་ཀྱི་ཚོར་བ་ཤུགས་དྲགས་ལྡན།
སྒྱུ་རྩལ་གྱི་ཁྱད་ཆོས་ཐད་ནས་གླེང་ན། ཁོང་གི་བརྩམས་ཆོས་ལ་མི་སྣའི་སྣང་བརྙན་བཞེངས་སྐྲུན་དང་བྱུང་རིམ་གྱི་སྒྲིག་གཞི། ཁོར་ཡུག་ཞིབ་འབྲི་དང་སྐད་ཆའི་སྒྱུ་རྩལ་མཚོན་ཐབས་གང་ནས་བལྟས་ཀྱང་ལུགས་མཐུན་དོན་མཐུན་ཉིད་དང་། རང་བབ་ལྷུན་གྲུབ་ཉིད་དུ་སྣང་བ་ལས་བཙན་སྒྲིག་བྱས་པའི་ཆ་ཅུང་ཙམ་ཡང་མེད་པར་འདོད། ད་དུང་བོད་མི་རིགས་ཀྱི་འཚོ་བའི་བྲོ་བ་ལྡན་ཞིང་ཁྱད་པར་དུ་འབྲོག་པའི་རིག་གནས་ཀྱི་བྲོ་བ་སྣུམ་པོ་ལྡན་ཡོད། ལྷག་པར་དུ་སྒྲུང་ཐུང་ཕྱོགས་བསྒྲིགས་《མཆོད་མེ།》དཔེ་དེབ་ནང་གི་བརྩམས་ཆོས་དག་བཀླགས་པ་ན་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་དང་། བསམ་པའི་འཁྱེར་སོ། མི་ཚེའི་རིན་ཐང་སོགས་ཡོད་ཚད་རྩོམ་རིག་ལ་འཐིམ་ཡོད་པ་ཕྱི་གསལ་ནང་གསལ་རེད།
སྤྱིར་རྩོམ་པ་པོ་ཞིག་གི་ངོས་ནས་གླེང་ན་རྩོམ་རིག་དང་མཛེས་རྟོག་རིག་པ། མཚན་ཉིད་རིག་པ་དང་ལོ་རྒྱུས་རིག་པ་སོགས་ཀྱི་ཤེས་བྱ་ཁོང་དུ་ཆུད་དགོས་པ་སྨོས་མེད་རེད། འོན་ཀྱང་ཁོང་གི་བརྩམས་ཆོས་ལྟ་ཀློག་བྱེད་པའི་ཁྲོད་དུ་ང་ལ་རྩོམ་པ་པོའི་འབྲེལ་ཡོད་ཀྱི་ཤེས་བྱ་དེ་དག་ལ་སློབ་སྦྱོང་དཔྱིས་ཕྱིན་མ་བྱས་པའི་སེམས་ཚོར་ཞིག་ངང་གིས་གནང་སོང་། དཔེར་ན། བརྩམས་སྒྲུང་ཁ་ཤས་ལ་གསར་རྩོམ་བྱེད་སྐབས་ཅི་ཞིག་འབྲི་བ་གཙོ་བོར་བཟུང་ཡོད་པ་དང་ཇི་ལྟར་འབྲི་བར་བསམ་གཞིག་མང་པོ་བྱས་མེད་པའི་རྐྱེན་གྱིས་གཏིང་ཟབ་མོའི་མཚན་ཉིད་རིག་པའི་ཆ་དང་། མི་སྣའི་གཤིས་ཀའི་འཕེལ་རིམ་གྱི་ལོ་རྒྱུས་ཉུང་བ། བརྩམས་སྒྲུང་ཁ་ཤས་ལའང་བསྟན་དོན་ཆིག་རྐྱང་རང་བཞིན་དང་མཚོན་ཐབས་ཆིག་རྐྱང་རང་བཞིན་ཡིན་པར་བསམ། །