ཉི་ཨན་ཏི་ཐེར་གྱི་མི་དང་ལོ་ཏི་ཞི་ཡའི་མི་།

དབྱིན་ཇི་བH•G•ཝེ་ཨོད་སིས་བརྩམས། ཁྱུང་རྩེ་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 01-19


འཁྱགས་རོམ་དུས་སྐབས་བཞི་པའི་ཆེས་གྲང་འཁྱག་གི་སྐབས་ཤིག་སྟེ། ད་ནས་བརྩིས་པའི་ལོ་ངོ་ཁྲི་5ནས་6གི་ཡར་སྔོན་དུ། སའི་གོ་ལའི་སྟེང་དེང་དུས་ཀྱི་མིའི་རིགས་དང་ཧ་ཅང་འདྲ་བའི་སྲོག་ཆགས་རིགས་ཤིག་གསར་དུ་ཐོན་པ་དང་། མིའི་རིགས་དང་འདྲ་བས། ཉེ་བའི་ལོ་ཤས་སྔོན་བར་སྲོག་ཆགས་འདི་རིགས་ཀྱི་རུས་པ་དག་མིའི་རིགས་ཀྱི་རུས་པར་བརྩིས། ང་ཚོས་སྲོག་ཆགས་དེ་རིགས་ཀྱི་ཐོད་རུས་དང་བཅས་པའི་རུས་པ་ཆ་ཚང་རྙེད། ཁོ་ཚོས་བཟོས་ཤིང་སྤྱད་པའི་ཡོ་ཆས་ཀྱང་གང་མང་ཞིག་རྙེད། ཁོ་ཚོས་མེ་ལེན་ཤེས་པ་མ་ཟད། བྲག་ཁུང་དུ་འཛུལ་ནས་གྲང་ངར་ལ་གཡོལ་རྒྱུ་ཤེས་ལ་གཅན་གཟན་དང་རི་དྭགས་ཀྱི་པགས་པ་བཤུས་ནས་གྱོན་ཏེ་དྲོད་ལེན་རྒྱུ་རྟོགས་ཡོད་པ་དང་། ང་ཚོ་དང་འདྲ་བར་ལག་པ་གཡས་པས་ངལ་རྩོལ་བྱ་རྒྱུར་ཡང་གོམས།

དེ་ལྟ་ནའང་། མིའི་རིགས་རིག་པ་བ་རྣམས་ཀྱིས་དེ་རྣམས་མིའི་རིགས་རྣལ་མ་ཞིག་ཏུ་ཁས་ལེན་བཞིན་མེད་ཅིང་། དེ་དག་ནི་དེང་དུས་ཀྱི་ང་ཚོ་དང་རྒྱུད་གཅིག་ཀྱང་རིགས་མི་གཅིག་པ་ཞིག་ཏུ་འདོད། ཁོ་ཚོའི་གཟུགས་གཞིའི་ཆགས་ལུགས་དེ་ང་ཚོ་དེང་དུས་ཀྱི་མི་དང་ཁྱད་པར་ཧ་ཅང་ཆེ་སྟེ། མ་མགལ་མཐུག་ཅིང་འབུར་དུ་ཐོན་པ་དང་། དཔྲལ་བ་ཆུང་ཞིང་ལེབ་ལ། སྨིན་རུས་ཡར་འབུར་འདུག མཐེ་བོང་ནི་མིའི་རིགས་དང་འདྲ་བར་མཛུབ་གུ་གཞན་རྣམས་དང་མཉམ་གཤིབ་བྱ་མི་ཐུབ་ཅིང་། ཁྱད་པར་དུ་ཁོ་ཚོའི་སྐེ་ཚིགས་ནི་ཡ་མཚན་ཅན་ཞིག་སྟེ། སྔུན་གཞུག་ལ་འཁོར་མི་ཐུབ་ཅིང་། ཡར་བཀྱགས་ནས་ནམ་མཁར་ཡང་བལྟ་མི་ཐུབ། ལམ་དུ་འགྲོ་དུས་ཀྱང་མགོ་བོ་སྔུན་ལ་བསྲིངས་ཤིང་དཔྱངས་ནས་གཉའ་སྒུར་སྒུར་ངང་འགྲོ་བ་ཡིན་འདུག ཁོ་ཚོའི་མ་མགལ་མེད་པའི་འགྲམ་རུས་དེ་དག་ནི་ཧེ་ཏི་པོའི་མི་ཡི་འགྲམ་རུས་དང་ཧ་ཅང་འདྲ་ནའང་། ང་ཚོ་མིའི་རིགས་དང་ཁྱད་པར་མངོན་གསལ་འདུག ཁོ་ཚོའི་ཁ་ནང་གི་སོ་ཡང་ང་ཚོ་མིའི་རིགས་ཀྱི་སོ་དང་གཏན་ནས་མི་འདྲ་ཞིང་། འགྲམ་སོའི་གྲུབ་ཚུལ་ནི་མིའི་རིགས་དང་བསྡུར་ན་ཧ་ཅང་རྙོག་འཛིང་ཆེ། འོན་ཀྱང་ཁོ་ཚོའི་འགྲམ་སོ་ལ་ང་ཚོ་མིའི་རིགས་ལྟར་རྩ་བ་རིང་པོ་མེད་ཅིང་། མིའི་རིགས་ལ་རྒྱུན་གཏན་དུ་ཡོད་པའི་མཆེ་བ་ཡང་ཁོ་ཚོར་མི་འདུག ཐོད་རུས་ཀྱི་ཆེ་ཆུང་ནི་ང་ཚོ་མིའི་རིགས་དང་ཁྱད་པར་ཆེན་པོ་མེད་ཀྱང་། ཀླད་པའི་རྒྱབ་ཕྱོགས་ཅུང་ཆེ་ཞིང་མདུན་ཕྱོགས་ནི་ཅུང་དམའ་བར་འདུག ཁོ་ཚོ་ནི་ང་ཚོ་མིའི་རིགས་ཀྱི་ཡབ་མེས་རིམ་བརྒྱུད་ཀྱི་ཐད་ཀའི་མེས་པོ་མ་ཡིན་ཏེ། བསམ་བློ་གཏོང་སྟངས་དང་ལུས་ཁམས་གྲུབ་ལུགས་གང་ཐད་ནས་བལྟས་ཀྱང་རིགས་རྒྱུད་གཞན་ཞིག་ཡིན་འདུག

སྔ་མོ་ནས་རྩ་སྟོངས་སུ་ཕྱིན་པའི་མི་ཡི་རིགས་འདིའི་ཐོད་རུས་དང་རུས་པ་གཞན་དག་ནི་འཇར་མན་རྒྱལ་ཁབ་ཀྱི་ཉི་ཨན་ཏི་ཐེར་ཞེས་པའི་ལུང་གཞུང་ནས་རྙེད་པ་ཡིན་པས། ཁྱད་མཚར་བའི་མི་ཡི་རིགས་འདིར་ཉི་ཨན་ཏི་ཐེར་གྱི་མི་ཞེས་མིང་བཏགས་པ་ཡིན་ཏེ། ཁོ་ཚོ་ཡོ་རོབ་གླིང་དུ་དུས་ཡུན་ཧ་ཅང་རིང་པོ་ཞིག་ལ་འཚོ་གནས་བྱས་པ་འདྲ། སྐབས་དེར་སའི་གོ་ལའི་སྟེང་གི་ནམ་ཟླ་དང་ས་ངོས་ཀྱི་ཆགས་ཚུལ་ནི་དེང་དུས་དང་ཁྱད་པར་ཧ་ཅང་ཆེ། དཔེར་ན། ཡོ་རོབ་གླིང་ནི་གངས་དང་འཁྱགས་པས་ཡོངས་སུ་བཟུང་འདུག་སྟེ། ལྷོ་ཕྱོགས་ཀྱི་ཐེ་བུའུ་ཧྲི་ཆུ་བོ་(དབྱིན་ཇིའི་ཁོངས།)ནས་འཇར་མན་དང་ཨུ་རུ་སིའི་དཀྱིལ་དབུས་བར་གྱི་ས་ཁུལ་ཡོད་ཚད་ཁ་བས་གཡོགས་འདུག་ཅིང་། དབྱིན་ཇི་དང་ཧྥ་རན་སི་གཉིས་ཨིན་ཇི་ལེ་ཞི་མཚོ་འགག་གིས་སོ་སོར་ཕྱེས་མེད། ས་དབུས་རྒྱ་མཚོ་དང་རྒྱ་མཚོ་དམར་པོ་ཡོད་ས་ཚང་མ་གྲོག་རོང་ཆེན་པོ་ཡིན་ལ། གཤོང་ས་ལ་ཤས་སུ་ད་གཟོད་གཅིག་ལ་གཅིག་འབྲེལ་གྱི་མཚེའུ་འགའ་ཡོད། ཆེས་ཆེ་བའི་ནང་ལོགས་རྒྱ་མཚོ་ཞིག་དེང་གི་རྒྱ་མཚོ་ནག་པོ་ཡོད་ས་ནས་འགོ་བརྩམས་ཏེ་ཨུ་རུ་སིའི་ལྷོ་ཕྱོགས་བརྒྱུད་ཡ་གླིང་དཀྱིལ་མའི་བར་སླེབས་འདུག སི་ཕེན་དང་ཡོ་རོབ་གླིང་ཧྲིལ་པོ་དོན་དངོས་སྟེང་གངས་འཁྱགས་ཀྱིས་ཡོངས་སུ་བསྡམས་མེད་ནའང་། སྐབས་དེའི་ནམ་ཟླ་ནི་ལཱ་པུ་ར་ཏོར་ཕྱེད་གླིང་(མེ་གླིང་བྱང་མའི་ཁ་ན་ཏ་རྒྱལ་ཁབ་ཀྱི་ཤར་ཕྱོགས་སུ་མཆིས།)ལས་ཆེར་བཟང་རྒྱུ་མེད་ཅིང་། ཐ་ན་དེ་ལས་ཀྱང་སྡུག་པར་འདུག ཧྥེ་གླིང་བྱང་མ་ནས་ལྷོ་ཕྱོགས་སུ་སོང་ཚེ། ནམ་ཟླ་ད་གཟོད་དྲོད་འཇམ་ཅན་དུ་འདུག སྐབས་དེར། གྲང་ཐུབ་རྩི་ཤིང་གི་རིགས་སྐྱེས་ཡོད་པའི་ཡོ་རོབ་གླིང་གི་ལྷོ་ཕྱོགས་རྩྭ་ཐང་ཆེན་མོ་རུ་སྤུ་རིང་གླང་ཆེན་དང་སྤུ་རིང་བསེ་རུ། འབྲོང་རྒོད་དང་ཤྭ་བ་མཇིང་དཀར་སོགས་གྲང་ངར་ཐུབ་པའི་སྲོག་ཆགས་ཀྱི་རིགས་ཀྱང་མང་དུ་མཐོང་རྒྱུ་ཡོད། འོན་ཀྱང་། དེ་དག་ནི་འཚོ་གནས་ཀྱི་ཆེད་དུ་རྩྭ་ཆུ་འཛོམས་པའི་ཡུལ་ལུང་བསྙེགས་ནས་གནས་སྤོ་བྱེད་བཞིན་ཡོད་པར་སྨོས་མེད་ཡིན་ཏེ། དཔྱིད་ཀར་བྱང་ཕྱོགས་དང་སྟོན་ཀར་ཕྱིར་ལྷོ་ཕྱོགས་སུ་བགྲོད་བཞིན་ཡོད་པས། གནས་ཡུལ་ལ་ངེས་གཏན་མེད། ཉི་ཨན་ཏི་ཐེར་པ་དག་གིས་ཀྱང་སྲོག་ཆགས་དེ་རིགས་རྣམས་ལྟར་རྒྱུན་དུ་གནས་སྤོ་བྱེད་ཅིང་། སྲོག་ཆགས་ཆུང་གྲས་རིགས་དང་རི་སྐྱེས་ཤིང་ཏོག རྩི་ཤིང་གི་རྩ་བ་དང་གཞུང་རྟ་སོགས་བཙལ་ནས་ཟས་སུ་བྱེད་པ་དང་། ཁོ་ཚོའི་ཁ་ནང་གི་སོ་ནི་མཐོ་དམའ་མེད་ཅིང་ཚགས་དམ་ལ་གྲལ་མཉམ་པར་གནས་པས། རྩི་ཤིང་རིགས་ཀྱི་གཞུང་རྟ་དང་རྩ་བ་མཉེན་མོ་ཟས་སུ་སྤྱོད་མཁན་གྱི་དཀར་ཟས་པ་ཡིན་སྙམ་མོད། ཁོ་ཚོ་འཚོ་སྡོད་བྱས་མྱངས་པའི་བྲག་ཕུག་ཏུ་སྲོག་ཆགས་ཆེ་གྲས་རིགས་ཀྱི་རུས་པ་རྙེད་རྒྱུ་ཡོད་པ་མ་ཟད། རུས་པ་དག་བཅགས་ནས་སིལ་བུར་བཏང་ཡོད་ཅིང་། རུས་པའི་ནང་གི་རྐང་ཡང་ཡོངས་སུ་གཞིབ་ཚར་འདུག ཁོ་ཚོས་སྤྱད་པའི་རྡོ་ཆས་དག་ལ་དཔགས་ན། ཁོ་ཚོར་ཐད་ཀར་དུ་གཏུམ་དྲག་ཅན་གྱི་སྲོག་ཆགས་ཆེ་གྲས་དང་འཐབ་པའི་ནུས་རྩལ་ཅུང་ཟད་ཀྱང་མི་འདུག་པས། སྲོག་ཆགས་ཆེ་གྲས་དེ་རིགས་ཆུར་བརྒལ་དུས་འཇབ་རྒོལ་བྱས་པའམ། རྒྱ་རྙི་སྣ་ཚོགས་བཙུགས་ནས་བཟུང་བ་ཡིན་ཤས་ཆེ་ལ། སྲོག་ཆགས་ཆེ་གྲས་དག་གི་རྗེས་དེད་ནས་འཛིང་རེས་ཁྲོད་ཤི་རྨས་བྱུང་བ་དག་འཛིན་གསོད་བྱས་པ་དང་། སྟག་མཆེ་རིང་གི་འདེད་གསོད་འོག་ཤི་རྨས་བྱུང་བའི་སྲོག་ཆགས་དག་ཐབས་ཀྱིས་བདག་བཟུང་བྱས་པའང་ཡིན་སྲིད། གང་ལྟར། འཁྱགས་རོམ་དུས་སྐབས་ཀྱི་ནམ་ཟླའི་ཁྲོད་ཡུན་རིང་དུ་དཀར་ཟས་ཟ་མཁན་ནི་འཚོ་ཐབས་བྲལ་བས། ཉི་ཨན་ཏི་ཐེར་པ་དག་གིས་ཀྱང་གཏུམ་དྲག་ཅན་གྱི་སྲོག་ཆགས་ཆེ་གྲས་དེ་རིགས་ལ་འཇབ་རྒོལ་མ་བྱས་ཐབས་མེད་བྱུང་བ་རེད་སྙམ།

ཉི་ཨན་ཏི་ཐེར་གྱི་མིའི་རྣམ་པ་ནི་དུས་ད་ལྟ་ཡང་ང་ཚོས་གསལ་བརྗོད་བྱ་ཐབས་བྲལ་ཏེ། ང་ཚོ་དེང་དུས་ཀྱི་མི་དང་གཏན་ནས་མི་འདྲ་བར་ལུས་ཡོངས་སྤུས་ཁེངས་ཡོད་སྲིད་ལ། ཐ་ན་ཡར་ལངས་ནས་འགྲོ་ཐུབ་མིན་ཡང་དོགས་པ་ཟ་བའི་གནས་སུ་འདུག ལུས་ཕུང་ཡར་འདེགས་ཆེད། ཁོ་ཚོས་རྐང་ལག་གཉིས་ཀ་མཉམ་དུ་སྤྱོད་བཞིན་ཡོད་ཤས་ཆེ། ཕལ་ཆེ་བ་རང་གཅིག་པུར་འཚོ་བཞིན་ཡོད་པ་འདྲ་ལ། ཁྱིམ་རྒྱུད་ཆུང་གྲས་ཤིག་དང་མཉམ་དུ་འགུལ་སྐྱོད་བྱེད་བཞིན་པའང་ཡོད་སྲིད། ཁོ་ཚོའི་རྐན་རུས་ཀྱི་གྲུབ་ཚུལ་ལ་དཔགས་ན། ཁོ་ཚོས་བཤད་པའི་སྐད་ཆ་དང་ང་ཚོས་དེང་སྐབས་བེད་སྤྱོད་བྱེད་བཞིན་པའི་སྐད་ཆ་གཉིས་ནི་གཏན་ནས་མི་འདྲ་པར་འདུག

འཁྱགས་རོམ་དུས་སྐབས་བཞི་བའི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་རིང་དེར། ཡོ་རོབ་གླིང་ནས་གསར་རྙེད་བྱུང་བའི་རིམ་པ་ཆེས་མཐོ་བའི་སྲོག་ཆགས་ནི་ཉི་ཨན་ཏི་ཐེར་པ་འདི་དག་རེད། དེའི་རྗེས་སུ། ཧ་ལམ་ལོ་ངོ་ཁྲི་3ནས་ཁྲི་3.5ཡི་ཡར་སྔོན་དུ་གནམ་གཤིས་དྲོད་འཇམ་ཅན་དུ་གྱུར་པ་དང་བསྟུན་ནས། སྔར་ལས་བློ་རིག་བཀྲ་ཞིང་སྤྱང་གྲུང་ལྡན་ལ། སྐད་ཆ་བཤད་ཤེས་པ། ཕན་ཚུན་ལ་གཞོགས་འདེགས་དང་མཉམ་ལས་བྱེད་ཤེས་པའི་མི་རྒྱུད་ཅིག་གསར་དུ་བྱུང་བ་དང་། དེ་རྣམས་ལྷོ་ཕྱོགས་ས་ཁུལ་ནས་ཉི་ཨན་ཏི་ཐེར་པའི་མངའ་ཁོངས་སུ་ཡོང་བ་མ་ཟད། ཉི་ཨན་ཏི་ཐེར་པ་དག་བྲག་ཕུག་ལས་ཕུད་ཅིང་དེ་ཚོའི་ཁ་ཟས་ཀྱང་འཕྲོགས་ཏེ། ཡ་ང་བའི་བཙན་འཛུལ་དམག་འཁྲུག་ཁྲོད་ཉི་ཨན་ཏི་ཐེར་པ་དག་རྩ་སྟོངས་སུ་ཕྱིན་སོང་བ་འདྲ།

ཉི་ཨན་ཏི་ཐེར་པ་དག་འདི་ལྟར་ལྷོ་ཕྱོགས་སམ་ཤར་ཕྱོགས་གང་རུང་ནས་ཡོང་བའི་(མི་རྒྱུད་གསར་པ་འདིའི་སྐྱེ་འཕེལ་བྱུང་ས་གང་ཡིན་གསལ་ཐག་མ་ཆོད་ཅེས་མ་ཡིག་ཏུ་གསལ།)བཙན་འཛུལ་བས་རྩ་མེད་བཟོས་སོང་། གསར་བྱུང་གི་མི་རྒྱུད་འདི་དག་ལ་དེང་དུས་ཀྱི་མི་དང་འདྲ་བའི་ཁྲག་རྒྱུན་དང་ཤ་མདོག་གྲུབ་ཡོད་དེ། ཁོ་ཚོ་ནི་ཆེས་སྔ་བའི་མི་རྣལ་མ་རེད། གཤགས་དཔྱད་རིག་པའི་ཟུར་ཚད་ནས་བལྟས་ན། གསར་བྱུང་གི་མི་རྒྱུད་འདིའི་ཀླད་རུས་དང་སོ། མཐེ་བོང་། སྐེ་ཚིགས་སོགས་དེང་དུས་ཀྱི་མི་དང་ཡོངས་སུ་མཚུངས། ཁི་ལོ་མ་ནུང་བྲག་ཕུག་(ཧྥ་རན་སིའི་རྒྱལ་ཁོངས་སུ་མཆིས།)དང་ཀི་ལེ་མ་ཏི་བྲག་ཕུག(དབྱི་ཐ་ལིའི་རྒྱལ་ཁོངས་སུ་མཆིས།)ཁྲོད། ང་ཚོས་རུས་ཆག་འགའ་རྙེད་བྱུང་སྟེ། འདི་ནི་མིག་སྔར་མི་རྣམས་ཀྱིས་རྙེད་པའི་ཆེས་སྔ་དུས་ཀྱི་མི་རྣལ་མའི་རུས་པ་རེད། བྲག་རྡོའི་ཟིན་ཐོའི་ཁྲོད་གཞི་ནས་མིའི་རིགས་ཀྱི་ཤུལ་རྒྱུན་ཡོད་པར་གྱུར་ལ། དུས་འདི་ནས་བཟུང་མིའི་རིགས་ལོ་རྒྱུས་ཀྱི་གར་སྟེགས་སུ་བགྲོད་འགོ་བརྩམས་བྱུང་། སྐབས་དེར། སའི་གོ་ལའི་སྟེང་གི་ནམ་ཟླ་ནི་སྔར་བཞིན་གདུག་རྩུབ་ཆེ་ནའང་། ཉིན་རེ་བཞིན་དེང་དུས་ཀྱི་གནམ་གཤིས་དང་ཉེ་བར་ཇེ་བཟང་ནས་ཇེ་བཟང་དུ་གྱུར་འགོ་བརྩམས་བྱུང་། ཡོ་རོབ་གླིང་དུ་འཁྱགས་རོམ་དུས་སྐབས་ཀྱི་འཁྱགས་རོམ་རིམ་བཞིན་ཞུ་འགོ་བརྩམས་པ་དང་། སི་ཕེན་དང་ཧྥ་རན་སི་རུ་རྩྭ་སྔོན་ཇེ་མཐུག་ཇེ་རིང་དུ་སྐྱེས་པ་དང་བསྟུན། གསར་བྱུང་གི་རྟའི་རིགས་ཀྱིས་སྔོན་མའི་ཤྭ་བ་མཇིང་དཀར་དག་གི་ཚབ་བྱས་བྱུང་བ་དང་། གླང་ཆེན་མེང་མ་ནི་ཡོ་རོབ་ལྷོ་མ་ནས་བྱང་མ་རུ་ཡོངས་སུ་གནས་སྤོ་བྱས་སོང་།

ང་ཚོ་དེང་དུས་ཀྱི་མིའི་མེས་པོ་རྣམས་ཡུལ་ལུང་གང་ནས་བྱུང་ལུགས་ནི་ད་དུང་སྔར་བཞིན་ཐག་གཅོད་དཀའ། འོན་ཀྱང་། སྤྱི་ལོ་1921ལོའི་དབྱར་ཁར། ཧྥེ་གླིང་ལྷོ་ཕྱོགས་ཀྱི་པུའུ་ལོ་ཁེན་ཞི་ཨར(ཨོ་སི་ཁྲུ་ལི་ཡའི་ཤར་ལྷོའི་རྒྱུད་དུ་མཆིས།)ས་ཁུལ་ནས་དངོས་གནས་དཔྱད་རིན་ཡོད་པའི་ཐོད་རུས་དང་རུས་ཆག་འགའ་རྙེད་པ་དང་། རུས་པ་དེ་དག་གི་ཁྱད་ཆོས་ལ་བརྟགས་ན། དེ་ནི་ཉི་ཨན་ཏི་ཐེར་པ་དང་དེང་དུས་ཀྱི་མི་གཉིས་བར་གྱི་མི་རྒྱུད་གཞན་ཞིག་ཡིན་འདུག་སྟེ། ཁོ་ཚོའི་ཀླད་པ་ནི་ཉི་ཨན་ཏི་ཐེར་པ་ལྟར་རྒྱབ་ཕྱོགས་ཆེ་ཞིང་མདུན་ཕྱོགས་ཆུང་བ་ཅན་མིན་པར་མདུན་ཕྱོགས་ཆེ་ཞིང་རྒྱབ་ཕྱོགས་ཆུང་བར་འདུག་ཅིང་། ཀླད་རུས་ནི་དེང་དུས་ཀྱི་མིའི་རིགས་དང་ཡོངས་སུ་མཚུངས་པར་སྒལ་ཚིགས་སྟེང་དྲང་མོར་གནས་འདུག རུས་ཀྲང་དང་སོ་ཡང་ང་ཚོ་མིའི་རིགས་དང་འདྲ་མཚུངས་སུ་གནས། ཡིན་ནའང་། གདོང་དབྱིབས་ནི་མི་མ་སྤྲ་དང་འདྲ་བར་སྨིན་རུས་འབུར་བོར་གནས་ཞིང་ཐོད་རུས་ཀྱི་དཀྱིལ་དབུས་འབུར་དུ་ཐོན་འདུག སྲོག་ཆགས་འདི་རིགས་ནི་དོན་དངོས་སྟེང་མི་རྣལ་མར་གྱུར་འདུག་ནའང་། གདོང་དབྱིབས་ནི་སྔར་བཞིན་ཉི་ཨན་ཏི་ཐེར་པ་ལྟར་མི་མ་སྤྲ་དང་འདྲ་སྟེ། ཉི་ཨན་ཏི་ཐེར་པ་བསྡུར་ན། ལོ་ཏི་ཞི་ཡའི་མི་ཞེས་མིང་བཏགས་ཡོད་པའི་སྲོག་ཆགས་འདི་རིགས་དེང་དུས་ཀྱི་མི་དང་ཧ་ཅང་འདྲ།

ཀླད་རུས་ཀྱི་གྲུབ་ཚུལ་ལ་དཔགས་ན། ལོ་ཏི་ཞི་ཡའི་མི་ནི་ཉི་ཨན་ཏི་ཐེར་པའི་རྗེས་ཀྱི་མི་ཙམ་པོ་བའི་(亚人类)རིགས་ཨང་གཉིས་པ་དེ་ཡིན་པ་འདྲ། དེ་ལྟར་མིའི་རིགས་ཙམ་པོ་བ་འདི་དག་ནི་འཁྱགས་རོམ་དུས་སྐབས་ནས་བཟུང་ཁོ་ཚོའི་ཐུན་མོང་གི་རྗེས་རབས་པ་ཡིན་ལ། ཁོ་ཚོ་ཐུན་མོང་གི་གཉེན་པོ་རུ་ཡང་གྱུར་ཡོད་པ་འདྲ་བའི་མི་རྣལ་མའི་རིགས་གསར་དུ་བྱུང་དུས་བར་འཚོ་གནས་བྱས་མྱོང་སྟེ། དུས་ཡུན་ཧ་ཅང་རིང་པོ་ཞིག་ལ་གོ་ལ་འདིའི་སྟེང་འཚོ་སྡོད་བྱས་མྱོང་། ལོ་ཏི་ཞི་ཡའི་མི་དག་གི་ཐོད་རུས་ལ་བལྟས་ན། ཁོ་ཚོ་ནི་ཆེས་གནའ་དུས་ཀྱི་རིགས་རྒྱུད་ཅིག་ཡིན་མི་སྲིད་ཀྱང་། དཔེ་དེབ་འདི་པར་སྐྲུན་བྱེད་དུས་(སྤྱི་ལོ་1923།)ལ་ཐུག་གི་བར་དེ་དག་འཚོ་སྡོད་ཀྱི་དུས་ཡུན་ངེས་གཏན་ཞིག་ཚོད་རྩིས་བྱེད་ཐུབ་མེད། གཞན་མིའི་རིགས་ཙམ་པོ་བ་འདིའི་རྒྱུད་ད་ལྟ་ཡང་ཧྥེ་གླིང་ལྷོ་ཕྱོགས་ཀྱི་ས་ཁུལ་ག་གེ་མོར་འཚོ་གནས་བྱེད་བཞིན་ཡོད་པའང་སྲིད། །





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1