དབང་ཆེན་གྱིས་བྲིས།
དུས་གསུམ་རྒྱལ་བའི་ཡེ་ཤེས་དཀྱིལ་འཁོར་ནི། ། གདུལ་བྱའི་མཁའ་ལ་ཐུགས་རྗེའི་རྟག་རོལ་བའི། ། མཚན་དཔེའི་སྐུ་མངའ་རྒྱལ་སྲས་སེམས་དཔའ་ཆེ། ། ས་སྐྱ་པཎ་ཆེན་བྱང་ཆུབ་བར་དུ་བསྙེན། །ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མཛོད་མངའ་བ། ས་གསུམ་འགྲོ་བའི་དབུལ་བར་སེལ་མཛད་དེ། །འཛམ་གླིང་ཕན་བདེ་བསྒྲུབ་པའི་ཕྲིན་ལས་ཀྱིས། ། མཁྱེན་དང་བརྩེ་བས་ཞི་བསིལ་ཆོས་ཆར་འབེབས། ། སྔོན་སྦྱངས་གོམས་པའི་བློ་གྲོས་དཔག་ཡས་དང་། ། འཇམ་པའི་དཔལ་གྱིས་ཐུགས་ཀྱི་བྱིན་རླབས་ལས།། ཤེས་བྱ་རྒྱ་མཚོའི་བློ་གྲོས་མཐུ་བརྟས་པའི།། འཆད་བརྩོད་རྩོམ་ལ་ཚེགས་མེད་འཇུག་པར་གྱུར། ། རྒྱལ་བའི་གསུངས་རབ་དགོངས་དོན་མ་ལུས་པ། ། མཁྱེནཔའི་དཀྱིལ་འཁོར་གཅིག་ཏུ་ཟླུམ་པ་ཡིས། ། གཟུངས་སྤོབས་སྔགས་དང་ཏིང་འཛིན་ལ་གནས་ཏེ། ། ལེགས་བཤད་གསུང་གིས་བསིལ་བའི་ཟེར་བརྒྱ་འཕྲོ། ། གང་གི་མཁྱེནདཔྱོད་ཡངས་པའི་མཁའ་དབྱིངས་སུ། ། ཚད་མེད་ཐུགས་རྗེའི་ཟླ་དཀར་རབ་གསལ་བའི། ། མ་རིག་རྨོངས་པའི་མུན་པ་མཐར་བསྐྱུངས་ཏེ། །བློ་གསལ་བློ་ཡི་ཀུནྡ་བཞད་པར་གྱུར། །གང་སྐུ་ཡེ་ཤེས་སྒྱུ་མའི་མཚན་དཔེ་ནི། །ཟག་མེད་ཤེས་རབ་ཡུམ་གྱི་རྒྱ་མཚོ་རུ། ། འོད་ཀྱི་གོང་བུར་ལྷུམས་སུ་ཞུགས་པ་ཡིས། །བལྟམ་པའི་དུས་ན་འོད་ཀྱིས་འཇིག་རྟེན་ཁྱབ།། རྣམ་དཀར་ཚོགས་གཉིས་དཔལ་ལས་ལེགས་ཐོན་པའི། །མཚན་དཔེའི་གསལ་བའི་ཡེ་ཤེས་དཀྱིལ་འཁོར་ནི། ། བྱང་ཕྱོགས་ཁ་བ་ཅན་གྱི་གནས་མཆོག་ཏུ། །དྲི་མེད་མཁོན་གདུང་དཔལ་ལྡན་དོན་གྲུབ་གྲགས། ། སྐྱེ་བར་ཉེར་ལྔར་རྒྱལ་སྲས་འཇམ་དབྱངས་ཀྱིས།། ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་གྱུར་ཏེ།། བཙས་མ་ཐག་ཏུ་ལན་ཝར་འབྲི་ཀློག་དང་། ། སཾསྐྲྀ་ཏ་ཡི་སྐད་དང་ཡི་གེ་མཁྱེན། །ས་གསུམ་སྲིད་པའི་ཁྱོན་འདིར་ཡོངས་གྲགས་ཀྱིས།། ས་ཐོབ་སེམས་དཔལ་མང་པོའོ་གྲུབ་པར་བརྙེས།། ས་ལིའི་ལྗོངས་སུ་ས་སྐྱ་པ་ཞེས་པ།། ས་སྟེང་འདི་ན་གྲགས་སྙན་ཕྱོགས་ཀུན་ཁྱབ། །་རྒྱལ་བ་གཉིས་པའི་རྒྱལ་ཚབ་ས་སྐྱ་པའི། །ཡོངས་རྫོགས་བསྟན་པའི་མངའ་བདག་འཇམ་མགོན་རྗེས།། གསུང་གི་གཟི་བྱིན་འབར་བའི་འོད་སྣང་གིས། ། མི་འབྲལ་ཚེ་རབས་ཕྲེང་བར་སྐྱོངས་གྱུར་ཅིག །ཅེས་པ་ནི་འཇམ་པའི་དབྱངས་དངོས་འཇམ་མགོན་ས་སྐྱ་པཎྜ་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞིང་ལ་གཟིགས་པའི་དུས་ཁྱད་པར་དང་བསྟུན་ནས་དབང་ཆེན་གྱིས་རྒྱ་ནག་ཁྲན་ཏུའུ་རང་ཤགས་སུ་བྲིས་པས་འགྲོ་ཀུན་རྗེ་བཙུན་བླ་མས་རྗེས་སུ་འཛིན་པའི་རྒྱུ་གྱུར་ཅིག །མངྒལཾ།