༄༅།།ལོ་སར་དུས་སུ་འགྲོ་འདུག་ཉལ་འཆག་སྐོར་ལ་ཇི་ལྟར་མཉམ་འཇོག་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཡོངས་འཛིན སྤེལ་དུས། 02-04


        མིའི་ཚེ་སྲོག་གི་འགུལ་སྐྱོད་ཡོད་ཚད་འགྲོ་འདུག་ཉལ་འཆག་ལས་མ་འདས་པ་མེད་ཅིང་། འགྲོ་འདུག་ཉལ་འཆག་ཚད་དང་ལྡན་ན། ལུས་ཕུང་བདེ་ཐང་ཡོང་བ་དང་ལུས་སྟོབས་རྒྱས་ཤིང་ཚེ་རིང་བར་འགྱུར་ལ། དེ་ལས་ལྡོག་སྟེ་འགྲོ་འདུག་ཉལ་འཆག་གི་གོ་རིམ་འཆོལ་ན། ནད་འབྱུང་སླ་བ་དང་རྒས་སླ་བ། ཚེ་ལ་གཟན་པ་སོགས་འབྱུང་སྲིད། དེར་བརྟེན་རང་ཉིད་ཀྱི་འགྲོ་འདུག་ཉལ་འཆག་ལ་མཉམ་འཇོག་གང་ལེགས་བྱས་ནས་གོ་རིམ་འཆོལ་དུ་མི་འཇུག་པ་དང་། འགྲོ་འདུག་ཉལ་འཆག་དེ་རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཏུ་བརྩིས་ནས་རང་ལུས་བདེ་སྲུང་གི་གཞི་རྩ་ར་འགྱུར་དགོས།
        འགྲོ་འདུག་ཉལ་འཆག་ཚད་དང་ལྡན་དགོས་ན། ཕན་ནུས་ལྡན་པའི་བྱེད་ཐབས་ནི་རང་ཉིད་ཀྱི་འཚོ་བར་ཆོས་ཉིད་ཡོད་པ་དང་། དུས་ལྟར་ངལ་རྩོལ་དང་ངལ་གསོ་བྱེད་པ། ཟས་སྐོམ་ལེགས་པར་བསྟེན་པ། ལུས་ཕུང་སྦྱོང་བརྡར་བཅས་བྱེད་དགོས་པར་མ་ཟད། ད་དུང་གོམས་སྲོལ་བཟང་པོ་ཆགས་པར་བྱས་ནས་དེ་རྒྱུན་འབྱམས་སུ་འགྱུར་དུ་འཇུག་དགོས།
        ལོ་སར་ནི་རང་རེའི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་གཟབ་རྒྱས་ཆེ་བ་ཞིག་ཡིན་ལ། མི་མང་པོ་ཞིག་གིས་སྲོལ་རྒྱུན་གྱི་གོམས་སྲོལ་དང་བསྟུན་ནས་དུས་རྒྱུན་གྱི་འཚོ་བའི་ཆོས་ཉིད་གཏོར་བ་དང་རང་ཉིད་ཀྱི་འགྲོ་འདུག་ཉལ་འཆག་གི་གོ་རིམ་འཆོལ་དུ་འཇུག་བཞིན་ཡོད་པས། ལུས་ཕུང་བདེ་ཐང་ལ་ཤུགས་རྐྱེན་བཟོ་བཞིན་ཡོད། ངལ་གསོ་བའི་ཕྱོགས་ནས་བཤད་ནའང་། རྒྱུན་དུ་མི་རྣམས་དུས་ལྟར་ཉལ་བ་དང་དུས་ལྟར་ཞོགས་པར་ཡར་ལངས་ནས་འཚོ་བར་ཧ་ཅང་ཆོས་ཉིད་ལྡན་པ་རེད། འོན་ཀྱང་ལོ་སར་གྱི་སྐབས་སུ་ཁྱིམ་མི་ཡོངས་རྫོགས་ལྷན་དུ་འཛོམས་པའམ་ལོ་རྙིང་ཕར་སྐྱེལ་བ། ཡང་ན་བརྙན་འཕྲིན་ལ་བལྟ་བའམ་ལོ་སར་ལ་འགྲོ་བ་བཅས་ཀྱི་ཆེད་དུ་ཉལ་འཕྱི་བ་དང་ཐ་ན་མཚན་གང་བོར་མི་གཉིད་པའི་སྣང་ཚུལ་ཡོངས་ཁྱབ་ཀྱིས་གནས་ཡོད། མི་ལ་ལས་བསམ་པར། སྟེས་དབང་གིས་ཐེངས་གཅིག་དང་གཉིས་ལ་མ་གཉིད་པ་ཙམ་གྱིས་ཅི་སྐྱོན་སྙམ་ཀྱིན་ཡོད། འོན་ཀྱང་སྟེས་དབང་གི་ཐེངས་གཅིག་གཉིས་པོ་དེས་འགྲོ་འདུག་ཉལ་འཆག་གི་རྒྱུན་ལྡན་གྱི་གོ་རིམ་འཆོལ་དུ་བཅུག་སྟེ། མིའི་ལུས་སྟེང་ལ་འགྱུར་ལྡོག་ཆེན་པོ་བསླངས་ནས་ཀླད་ཆེན་ལ་རྙོག་འཁྲུག་གཏོང་བ་དང་ཕོ་བ་དང་རྒྱུ་མའི་བྱེད་ལས་དོ་མི་མཉམ་པ། གསང་རྒྱུད་ཟགས་གཤེར་འགྱུར་དུ་བཅུག་ནས། མགོ་ཡོམ་འཁོར་བ་དང་ལུས་ཤུགས་མེད་པ། ཟ་མར་ཡི་ཀ་མེད་པ་སོགས་ཀྱི་ནད་རྟགས་སློང་སྲིད་པ་རེད། འགྲོ་འདུག་ཉལ་འཆག་གི་གོ་རིམ་འཆོལ་ན་སྐབས་ཐོག་དེར་མི་བདེ་བའི་སྣང་བ་ཅི་ཡང་མེད་རུང་། ནད་གཞི་དང་མི་མངོན་པའི་རྐྱེན་ངན་ལུས་སྟེང་དུ་ཁྱབ་ཡོད་པ་རེད།
        ཡང་བཟའ་བཏུང་གི་སྐོར་ནས་གླེང་ན། ལོ་སར་གྱི་དུས་སྟོན་སྐབས་སུ་ཟས་གང་ཞིམ་གང་ལེགས་རྒྱས་ཟ་རྒྱས་འཐུང་བྱེད་བཞིན་ཡོད་ལ། མིའི་ལུས་ཕུང་ལ་གནོད་འཚེའི་ཆེན་པོ་ཡོད་པའི་ཀླད་སྙིང་ཁྲག་རྩའི་ནད་དེ་ཚད་ཆེན་པོ་ཞིག་གི་སྟེང་ནས་བཤད་ན་བཟའ་བཏུང་བསྟེན་དྲགས་པ་ལས་བྱུང་བ་ཡིན་པ་ཤེས་དགོས། ནམ་རྒྱུན་ལོ་སར་གྱི་སྔ་རྗེས་དེ་ནི་ཀླད་སྙིང་ཁྲག་རྩའི་ནད་འབྱུང་ཚད་ཆེས་མཐོ་བའི་དུས་ཤིག་ཡིན་པ་དང་། དེ་ནི་ལོ་སར་སྐབས་ཀྱི་བཟའ་བཏུང་བསྟེན་པ་ལ་འབྲེལ་བ་ཡོད་པ་རེད། དེར་བརྟེན། ལོ་སར་གྱི་སྐབས་སུ་དུས་རྒྱུན་གྱི་བཟའ་བཏུང་གོམས་སྲོལ་དང་བསྟུན་པར་ལྷག་ཏུ་མཉམ་འཇོག་བྱེད་དགོས་པ་དང་། བཟའ་བཏུང་དོ་མཉམ་ཡོང་བར་མཉམ་འཇོག་བྱེད་དགོས། འདི་ནི་ལུས་ཟུངས་གསོ་བའི་བྱེད་ཐབས་གལ་ཆེན་ཞིག་རེད།
        ང་ཚོས་ལུས་པོ་བདེ་སྲུང་བྱེད་པ་དེ་འཚོ་བར་ཆོས་ཉིད་ལྡན་ཞིང་། ནད་མེད་ཚེ་རིང་འབྱུང་བའི་གཞི་རྟེན་དུ་བྱེད་དགོས། གལ་ཏེ་ལོ་སར་ལ་རོལ་སྐབས་འགྲོ་འདུག་ཉལ་འཆག་གི་གོ་རིམ་འཆོལ་ན། ནད་མེད་ཚེ་རིང་ཡོང་བར་ཤུགས་རྐྱེན་ཐེབས་སྲིད། དེ་བས་ཁྱེད་ཀྱི་ལུས་ཕུང་བདེ་ཐང་ཡོང་ཆེད། ལོ་སར་གྱི་སྐབས་སུ་འགྲོ་འདུག་ཉལ་འཆག་གི་གོ་རིམ་མི་འཆོལ་བར་བྱེད་རྒྱུ་དེ་སེམས་ལ་དམ་པོར་འཛིན་པའི་སྐུལ་ལྕག་བཏང་བ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1