༄༅།། བོད་ཀྱི་ལོ་ཙྭ་བར་གྱུར་བའི་རྒྱ་ནག་གི་རྒྱལ་པོ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ། སྤེལ་དུས། 02-10
བོད་མིང་། ལྷ་བཙུན་ཆོས་ཀྱི་རིན་ཆེན། རྒྱ་མིང་། སུང་གུང་ཏི(宋恭帝)
བོད་ཀྱི་ཆོས་བསྒྱུར་ལོ་རྒྱུས་སྟེང་ང་ཚོས་ཁོང་ལ་ལྷ་བཙུན་ཆོས་ཀྱི་རིན་ཆེན་ཞེས་འབོད་དེ། རྒྱའི་རྒྱལ་རབས་སུང་ལྷོ་མ་ཡི་ཆེས་མཐའ་མཇུག་གི་རྒྱལ་བོ་དེ་ཡིན། ཁོང་ནི་ཕྱི་ལོ1271 ལོར་ཡབ་ཏའོ་ཙུང(度宗)དང་རྒྱལ་ཡུམ་རུས་ཆོན (全)་ཅན་གཉིས་ཀྱི་སྲས་འབྲིང་བར་འཁྲུངས་ཤིང་ཕྱི་ལོ1274 ལོར་རྒྱལ་བོའི་ཁྲིར་བཀོད་པས་མཚན་ལ་ཡང་སུང་གུང་ཏི(宋恭帝)ཞེས་འབོད། ཕྱི་ལོ1276 ལོར་སོག་པོའི་དམག་དཔུང་སུང་ལྷོ་མའི་རྒྱལ་ས་ལིན་ཨན(临安)དུ་འབྱོར་ཞིང་སུང་ལྷོ་མ་དབང་དུ་བསྒྱུར། ལོ་དེའི་ཟླ་ལྔ་བར་ཡོན་གོང་མ་ཆེན་པོས་སུང་གུང་ཏིར་དབྱིན་གོ་གུང(瀛国公)ཞེས་བའི་བློན་གྱི་གོ་གནས་བསྩལ་བར་གྲགས།
བོད་མིང་། སེ་ཆེན་རྒྱལ་བོ། རྒྱ་མིང་། 忽必烈
ཕྱི་ལོ1289ལོར་ཡོན་གོང་མ་སེ་ཆེན་རྒྱལ་བོས་སྲིད་དབང་སྲ་བརྟན་དང་མང་ཚོགས་ཀྱི་ངོ་རྒོལ་སྟོབས་ཤུགས་ཆུང་དུ་གཏོང་ཕྱིར་དབྱིན་གོ་གུང་ཀྲའོ་ཞན་བོད་ཡུལ་དུ་ཆོས་བསླབ་པར་བཏང་། དེ་ལྟར་དབྱིན་གོ་གུང་ཀྲའོ་ཞན་བོད་དུ་ཕེབས་པ་དང་། དཔལ་ལྡན་ས་སྐྱ་དགོན་པའི་ཆོས་སྒོར་ཞུགས་ནས་བོད་ཀྱི་སྐད་དང་ཡི་གེ་ལ་སྦྱངས་བ་མཛད་དེ་ཆོས་གཞུང་ཟབ་མོ་ལ་སློབ་གཉེར་བྱས། ས་སྐྱའི་ཆོས་སྒོར་ཞུགས་ཚུན་ཁོང་གི་མཚན་ལ་ལྷ་བཙུན་ཆོས་ཀྱི་རིན་ཆེན་དུ་གསོལ་བ་དང་། དཔལ་ས་སྐྱའི་གཙུག་ལག་ཁང་དུ་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་མདོ་དང་། ཐེག་པ་ཆེན་པོའི་ཆོས་བརྒྱ་གསལ་བའི་སྒོའི་བསྟན་བཅོས། ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ་སོགས་རྒྱའི་ཆོས་གཞུང་ནས་བོད་སྐད་དུ་བསྒྱུར་བ་བཀའ་བསྟན་དཀར་ཆག་ཏུ་གསལ། ཁོང་གིས་བོད་ན་མེད་པའི་ཆོས་གཞུང་འགའ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བས་ལོ་ཙྭ་བ་ཆེན་པོར་གྱུར། ད་རུང་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལ་ལར་ལྷ་བཙུན་གྱིས་ས་སྐྱ་དགོན་པ་ནས་སྤྱི་འཛིན་གྱི་འགན་བཞེས་བའང་བྲིས་འདུག
ཡོངས་གྲགས་སུ་ལྷ་བཙུན་གྱི་འདས་ལོ་ནི་ཕྱི་ལོ1323ལོ་ཡིན་ལ། ལྷ་བཙུན་ཁོང་གི་བཀྲོངས་རྐྱེན་གྱི་སྐོར་ལ་ལྟ་ཚུལ་མི་མཐུན་པ་མང་བོ་ཡོད་ནའང་ཕལ་ཆེ་བས་ལོ་དེར་ལྷ་བཙུན་གྱིས་སྙན་ངག་ཅིག་བྲིས་ཤིང་ཤུགས་བསྟན་དུ་སུང་ལྷོ་མའི་རྒྱལ་རབས་དྲན་པའི་གདུང་བ་བརྗོད་ཡོད་པས་ཡོན་རྒྱལ་རབས་ཀྱི་སྲིད་དབང་འཛིན་མཁན་གྱིས་སྙན་ངག་འདིས་རྒྱ་རིགས་མི་དམངས་ཀྱི་བློ་ཁ་དཀྲུགས་ཏེ་གྱེན་ལོག་གི་ཉེན་ཁ་འབྱུང་བར་དོགས་ནས་ལྷ་བཙུན་ཁོང་ལྐོག་གསོད་བགྱིས་བར་འདོད་མཁན་ཡོད་འདུག
ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱི་མི་ཚེ་གང་བོར། གོ་གནས་ཀྱི་ཆ་ནས་ཆེས་ཐོག་མའི་སུང་ལྷོ་མའི་རྒྱལ་བོ་ནས་ཡོན་རྒྱལ་རབས་ཀྱི་བློན་པོར་གྱུར། དེ་ནས་བོད་ཀྱི་བཙུན་པའམ་ལོ་ཙཱ་བར་གྱུར། བཞུགས་ཡུལ་གྱི་ཆ་ནས་བོད་མི་རྣམས་ཀྱིས་སྨན་རྩེ་ཞེས་འབོད་པའི་རྒྱའི་གྲོང་ནས་སོག་པོ་ཡོན་རྒྱལ་རབས་ཀྱི་ཕོ་བྲང་། དེ་ནས་ནང་སོག་མཐོ་སྒང་གི་ཧྲང་ཏུའུ།(上都) མཐར་བོད་ལྗོངས་ཀྱི་ས་སྐྱ་སོགས་སུ་བཞུགས་པ་དང་། ད་རུང་རྒྱ་བོད་སོག་གསུམ་གྱི་མི་རིགས་དང་ལྷན་དུ་འཚོ་གནས་བྱས་པའི་རྐྱེན་གྱིས་རིག་གནས་ལའང་མཁས་བར་གྱུར། དེ་མིན་ལྷ་བཙུན་ཁོང་གི་རྒྱ་ཡིག་གི་ལམ་ནས་བྲིས་བའི་སྙན་ངག་ཁ་ཤས་ཀྱང་ལོ་རྒྱུས་ཡིག་ཆའི་ཁྲོད་དུ་བཞུགས་ཡོད་ལ། རྒྱའི་གནའ་རབས་ཀྱི་གོང་མ་རྣམས་དང་འདྲ་བར། སྙན་ངག་གི་རྩོམ་རྩལ་ཐད་ལ་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1