བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོའི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 02-13
ད་ལོ་སྟེ་བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ཕྱི་ལོ་2017ལོའི་སྐུ་འབུམ་མེ་ཏོག་མཆོད་པ་ཡང་ལོ་སྔ་མ་དག་དང་མཚུངས་བར། རྗེ་སྐུ་འབུམ་དགོན་པའི་སྒོ་མང་འཛིན་གྲྭ་དང་རྗེ་བཙུན་འཛིན་གྲྭ་གཉིས་ཀྱིས་བརྗོད་བྱའི་སྙིང་བོ་ཕན་ཚུན་ལ་གསང་བའི་སྒོ་ནས། འཛིན་གྲྭ་རང་རང་གི་ལྷ་བཟོ་ལག་རྩལ་ཆེས་ཕུལ་དུ་ཕྱིན་པ་དག་གིས་ལོ་སྔ་མའི་ཟླ་10བའི་ཚེས་15ཡི་ཉིན་ནས་འགོ་བརྩམས་ཏེ། ད་ལོའི་ལོ་གསར་གྱི་ཚེས་15ཡི་ཉིན་བར་ཕལ་ཆེར་ཟླ་3ལྷག་གི་རིང་། འཛིན་གྲྭ་རང་རང་གི་ཕྱག་རྒྱུན་ཇི་ལྟ་བ་བཞིན་དུ་མེ་ཏོག་མཆོད་པ་ལེགས་པར་འགྲུབ་པར་བྱས་ཏེ། ད་ལོའི་ལོ་གསར་ཚེས་15ཡི་དགོང་མོར་འཚེམ་དྲུབ་ཀྱིས་བཞེངས་པའི་གནའ་བོའི་ཐང་རྙིང་གི་ཁང་བཟང་དབུས་སུ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་འབྲེལ། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་དད་འདུན་དང་བསྔགས་བརྗོད་ཀྱི་མེ་ཏོག་ཐོར་བའི་བཀྲ་ཤིས་དགའ་འབོད་ཁྲོད་འགྲེམས་སྟོན་བྱས།
ད་ལོའི་རྗེ་བཙུན་འཛིན་གྲྭའི་མེ་ཏོག་མཆོད་པའི་གཙོ་སྐུ་རྒྱལ་བ་ཀུན་གྱི་སྙིང་རྗེ་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་དང་། སྒོ་མང་འཛིན་གྲྭའི་མེ་ཏོག་མཆོད་པའི་གཙོ་སྐུ་རྗེ་བླ་མ་ཤར་ཙོང་ཁ་པ་ཆེན་པོ་དང་ཐུགས་རྒྱུད་གཅིག་པའི་དེ་བཞིན་གཤེགས་པ་རྒྱལ་བ་སེང་གེ་ང་རོ་ཡིན། འཛིན་གྲྭ་གཉིས་ཀྱི་གཙོ་སྐུའི་གཡས་གཡོན་དུ་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞི་འཛིན་གྲྭ་གཉིས་ཀྱི་ལྷ་བཟོ་དག་གིས་རང་རང་གི་བཟོ་རྩལ་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པའི་སྒོ་ནས་བཞེངས་སྐྲུན་བྱས་ཡོད་པ་སྟེ།
དེ་ཡང་རྗེ་བླ་མ་མཆོག་དགུང་ལོ་36པ་ཆུ་སྤྲེལ་ཕྱི་ལོ་1392ལོར་འོལ་ཁ་རྫིང་ཕྱིའི་ལྷ་ཁང་ལ་མཇལ་ཏེ་རྗེ་བཙུན་བྱམས་པའི་སྐུ་ཉིད་ས་རྡུལ་ཁྲོད་ན་འོ་བརྒྱལ་ཞིང་། སྐུ་ལ་བྱ་ཐལ་སོགས་ཀྱི་མི་གཙང་བས་གོས་པར་གྱུར་བ་གཟིགས་ནས་ཐུགས་ཀྱིས་མ་བཟོད་པར་ཞིག་གསོ་བླ་ན་མ་མཆིས་པ་མཛད་དེ། མཆོད་པ་རྒྱ་ཆེན་པོ་བཤམས་ཤིང་རབ་ཏུ་གནས་པའི་ཚེ་སངས་རྒྱས་རབས་བདུན་སོགས་དངོས་སུ་བྱོན་ཏེ་བྲིས་སྐུ་ལ་ཐིམ་པའི་ངོ་མཚར་བ་དུ་མ་བྱུང་བ་དང་། རྗེས་སུ་བྱམས་བསྟོད་ཚངས་པའི་ཅོད་པན་མའང་བརྩམས་ཏེ་ཕུལ་བའི་རྫིང་ཕྱིའི་བྱམས་པ་ཞིག་གསོའི་མཛད་པ་དང་། དེ་ནས་རྗེ་བླ་མ་དགུང་ལོ་39བ་ཤིང་ཕག་ཕྱི་ལོ་1395ལོར་གཉལ་གྱི་གསེར་ཕྱེ་འབུམ་པར་ཕེབས་ཏེ། འདི་ཡི་སྔར་གྱི་མི་མཐུན་པ་ཐམས་ཅད་རྗེ་ཉིད་ཀྱི་ཐུགས་རྗེའི་སྟོབས་ཀྱིས་རྩོད་པ་མེད་ཅིང་དམ་པའི་ཆོས་ཀྱི་དགའ་སྟོན་གྱིས་དུས་འདའ་བར་གྱུར་ལ། ལྷག་པར་འདུལ་བའི་ཆོས་མང་དུ་གསུངས་ཤིང་སྐྱེ་བོའི་ཚོགས་རྣམས་བསྙེན་གནས་སྐྱབས་འགྲོའི་སྡོམ་པ་ལ་བཀོད་པ་སོགས་གཉལ་གྱི་ལུང་རྭ་ཆེན་མོར་གྲགས་པའི་མཛད་པ་དང་། རྗེ་བླ་མ་དགུང་ལོ་53བཞེས་པ་ས་གླང་ཕྱི་ལོ་1409ལོའི་ཆོ་འཕྲུལ་ཟླ་བའི་ཚེས་1ནས་15ཡི་བར་ལྷ་ལྡན་གཙུག་ལག་ཁང་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མཆོད་ཁྱད་པར་ཅན་གསར་འཛུགས་ལེགས་པར་མཛད་དེ། ཇོ་བོ་ཤཱཀྱ་མུ་ནེ་དང་མི་བསྐྱོད་རྡོ་རྗེ་རྣམ་གཉིས་ལ་ངེས་པ་ལྔ་ལྡན་གྱི་སྐུར་བཞུགས་པའི་ཕྱིར་གསེར་འབའ་ཞིག་ལས་གྲུབ་པའི་དབུ་རྒྱན་དེ་བཞིན་གཤེགས་པ་རིགས་ལྔའི་སྣང་བརྙན་རིན་པོ་ཆེ་དུ་མས་ཕྲ་བཏབ་པའི་ལོངས་སྤྱོད་རྫོགས་པའི་དབུ་རྒྱན་བསྒྲོན་ཏེ་སྤྲུལ་སྐུའི་ཆ་བྱད་ནས་ལོངས་སྐུའི་ངོ་བོར་བསྒྱུར། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་དང་སྐྱེ་བོའི་ཚོགས་ལ་སྦྱིན་གཏོང་རྒྱ་ཆེར་གནང་བའི་ལྷ་སར་མཆོད་འཕྲུལ་སྨོན་ལམ་བཙུགས་པའི་མཛད་པ་དང་། དེ་ནས་རྗེ་བླ་མ་ཉིད་དགུང་ལོ་59བ་ཤིང་ལུག་ཕྱི་ལོ་1475ལོར་ཡངས་པ་ཅན་གཙུག་ལག་ཁང་གསར་བསྐྲུན་དང་འབྲེལ་གསང་འདུས་དང་བདེ་མཆོག རྡོར་དབྱིངས་རྣམས་ཀྱི་དཀྱིལ་འཁོར་བློས་བསླངས་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པ་གསར་དུ་བཞེངས་ཏེ། དཀྱིལ་འཁོར་དེ་དག་དང་འབྲེལ་བའི་སྒྲུབ་མཆོད་ཀྱི་ཆོ་ག་རྒྱུད་ཀྱི་དགོངས་པ་བཞིན་ཕྱག་ལེན་རྣམ་པར་དག་པ་བཙུགས་པ་ལ་དགའ་ལྡན་སྒྲུབ་མཆོད་ཆེན་མོར་གྲགས་པའི་མཛད་པ་སོགས་སྐུ་ཚེ་གཅིག་གི་མཛད་ཆེན་བཞིའི་རྣམ་པར་ཐར་བ་མར་བཟོས་ཀྱི་རི་མོའི་ལམ་ནས་བཞེངས་ཡོད། འཛིན་གྲྭ་གཉིས་ཀྱི་མེ་ཏོག་མཆོད་པའི་མཐའ་སྐོར་དང་ཕྱོགས་ཀྱི་བར་མཚམས་སོགས་ལ་འཛིན་གྲྭ་རང་རང་གི་སྔོན་གྱི་ཕྱག་རྒྱུན་བཞིན་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན། འདོད་ཡོན་རྣམ་ལྔ། རབ་མཛེས་དཀར་དམར་གྱི་ཕྲ་ཚོམ་མེ་ཏོག་དང་། གནའ་བོའི་བོད་པའི་འཚོ་བ་རོལ་སྟངས། ལྷ་ཁང་དང་གནས་ཁང་། བྱ་དང་རི་དྭགས། རང་བྱུང་གི་རི་ཆུ་སོགས་བོད་ཀྱི་རིག་གནས་ཀྱི་ཆ་ཡོངས་མཚོན་པའི་རི་མོས་རྣམ་པར་བརྒྱན་ཅིང་། སྐྱེ་རྒུའི་མིག་གི་དྭངས་པ་དང་དད་པའི་གསོས་སུ་གསོན་ཉམས་ལྡན་པའི་སྒོ་ནས་བཞེངས་སྐྲུན་བྱས་ཡོད་དོ།།
གཞན་ད་ལོའི་མར་བཟོས་མེ་ཏོག་མཆོད་པའི་མཐའ་སྐོར་གྱི་མཆོད་རྫས་སྐོར་ལ། རྗེ་བཙུན་འཛིན་གྲྭའི་མཆོད་རྫས་དང་པོ་ལ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་རབས་དང་། མཆོད་རྫས་གཉིས་པ་ལ་སྒྲོལ་མ་ཉེར་གཅིག མཆོད་རྫས་གསུམ་པ་ལ་ལྷག་པའི་ལྷ་ཚོགས་ཀྱི་མཆོད་རྫས་སོགས་མཆོད་རྫས་མང་པོ་དང་། སྒོ་མང་འཛིན་གྲྭའི་མཆོད་རྫས་དང་པོ་ལ། གངས་ཅན་ལྷ་གཅིག་ཕྱག་ན་པད་མོ་༧རྒྱལ་དབང་ཐམས་ཅད་མཁྱེན་པ་དང་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་རབས་དང་། མཆོད་རྫས་གཉིས་པ་ལ་རྗེ་བཙུན་འཕགས་མ་སྒྲོལ་མ་ཉེར་གཅིག་དང་། མཆོད་རྫས་གསུམ་པ་ལ་འཕགས་པ་གནས་བརྟན་བཅུ་དྲུག་གི་འཁྲུངས་རབས་སོགས་མཆོད་རྫས་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་བཅས། རྒྱ་ཆེ་བའི་མཇལ་བ་ཁྲི་སྟོང་མང་པོའི་དད་པའི་རྟེན་དུ་བཤམས་ཡོད་དོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1