༄༅།། ཁམས་ཁུལ་གྱི་ལྟེ་བ།རིག་གནས་ཀྱི་འབྱུང་ཁུངས།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-15


ཐུབ་བསྟན་ཕུན་ཚོགས། 

ནན་ཏན་གྱིས་ཡིག་འབྲུ་རེ་རེ་བཞིན་རྐོ་བཞིན་པ།
        སྡེ་དགེའི་ཡུལ་འདི་ཆེས་གནའ་བོའི་དུས་སུ་མདོ་ཁམས་ཞེས་པའི་ནང་གསེས་གླིང་ཆེན་པོས་བདག་ཏུ་བཟུང་པའི་ཡུལ་གྲུ་ཞིག་ཡིན། སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་སྟོད་ཙམ་ནས་འབྲི་ཆུའི་ཤར་ནུབ་གཉིས་ལ་སྡེ་དགེའི་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་དབང་བསྒྱུར་བྱས་པ་ནས་བཟུང་ཡུལ་འདི་ལ་སྡེ་དགེའི་ཡུལ་གྲུ་ཞེས་འབོད་སྲོལ་བྱུང་ཡོད། སྡེ་དགེ་རྒྱལ་པོས་དབང་བསྒྱུར་བྱས་པའི་ཡུལ་འདིའི་ཁྱད་ཆོས་འགའ་ཞིག་བརྗོད་པར་བྱས་ན།
ཁ་བ་ཅན་ཞེས་གདོད་མའི་དུས་ནས་གྲགས། །
གླིང་རྗེ་དཔོན་གྱིས་ཟལ་མོ་སྒང་འདིར་བཟུང༌། །
སྡེ་དགེའི་ཡུལ་ཞེས་བླ་ཆེན་དམ་པས་བསྐྲུན། །
ཆོས་དང་རིག་གཞུང་ཆོས་རྒྱལ་ཆེན་པོས་སྤེལ། །
        སྡེ་དགེའི་ཡུལ་ཁམས་ཞེས་པ་ནི། སྤྱིར་མདོ་དབུས་མཐོ་སྒང་གི་ས་ཁུལ་འདི་ལ་བོད་ཁ་བ་ཅན་གྱི་ཡུལ་ལྗོངས་ཞེས་ཟེར། དེ་ལ་དབྱེ་ན་སྟོད་མངའ་རིས་བསྐོར་གསུམ། བར་དབུས་གཙང་རུ་བཞི། ལྷོ་མོན་ཁ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་དབྱེ་སྲོལ་ཡོད་པ་དེ་ལས་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་ཀླུང་དང་ཟླ་ཀླུང་གཉིས་ཀྱི་བར་ན་ཚུད་པའི་འབྲི་ཟླ་ཟལ་མོ་སྒང་གི་ཡུལ་གྲུ་འདི་དག་གནའ་བོའི་དུས་སུ་འགུ་ཟི་གླིང་ཚང་རྒྱལ་པོས་བདག་ཏུ་བཟུང་པའི་ཡུལ་ཡིན་ཞིང་། སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་སྟོད་ཙམ་ན་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་རིམ་བཞིན་ལྕགས་རའི་གླིང་དཔོན་དང་། རྨེ་ཤོད་གླིང་དཔོན་སོགས་བདག་ཏུ་བཟུང་བཞིན་པའི་སྐབས་དེར། སོག་པོ་གུ་ཤྲི་དཔོན་གྱི་དམག་དཔུང་ཁམས་ཕྱོགས་སུ་སླེབས་པ་དང་མཐུན་འབྲེལ་བྱས། སོག་དམག་གི་དཔུང་ཤུགས་ལ་བརྟེན་ནས་གླིང་ཚང་རྒྱལ་པོའི་ས་སྡེ་ཡུལ་གྲུ་ཕལ་ཆེར་བཅོམ། སོག་དམག་གིས་བེ་རུ་བཅོམ་རྗེས་སུ་བེ་རུ་སྡེ་པའི་མངའ་སྡེ་རྣམས་བླ་ཆེན་བྱམས་པ་ཕུན་ཚོགས་ལ་ཕུལ་བས་འབྲི་ཆུ་ཤར་ནུབ་གཉིས་སུ་སྡེ་དགེ་རྒྱལ་པོས་དབང་བསྒྱུར་གནང་ཡོད། དེ་རྗེས་སྡེ་དགེའི་རྒྱལ་རབས་རིམ་བྱོན་ལས་ཡུལ་འདིར་ཆོས་དང་རིག་གནས་ཀྱི་བསྟན་པ་སྤེལ་བའི་མཛད་ཕྲིན་ཆེ་ཤོས་ནི་ཆོས་རྒྱལ་བསྟན་པ་ཚེ་རིང་ཡིན་ལ། དེ་ནས་བཟུང་སྡེ་དགེ་རྒྱལ་པོ་རིམ་བྱོན་ལ་སྡེ་དགེའི་ཆོས་རྒྱལ་ཞེས་པའི་འབོད་སྲོལ་འདི་བྱུང་ཡོད།
གདོད་མའི་ལྷ་ཡིས་བྱིན་པའི་ནགས་ཚལ་དང༌། །
ས་གཞི་དལ་གྱིས་བསྐོར་བའི་འབྲི་ཟླའི་ཀླུང༌། །
ཆུ་སྐྱེས་སོ་ཕྲེང་བཞད་པའི་རྩྭ་ཐང་སོགས། །
རང་བྱུང་མཛེས་པའི་དཔལ་ཀུན་གནས་འདིའི་བརྒྱན། །
        སྡེ་དགེའི་ཡུལ་འདིའི་ཕྱི་སྣོད་འཇིག་རྟེན་གྱི་ཁྱད་ཆོས། ཡུལ་འདིའི་ཕྱོགས་བཞི་མཚམས་བརྒྱད་དག་ན་གདོད་མའི་རང་བྱུང་གི་ནགས་ཚལ་སྟུག་པོས་བསྐོར་ཡོད་པ་དཔེར་ན། ཟིལ་རྒྱུད་དང་འབྲི་རྒྱུད་སྟོད་སྨད་ཀྱི་ཐང་ཤིང་དང་། ཤུག་པ། བེ་ཤིང་། ལྕུག་མ། འཁྲིས་པ་ལ་སོགས་པའི་གདོད་མའི་རང་བྱུང་གི་ནགས་ཚལ་ཕྱོགས་ཀུན་ནས་བསྐོར་བ། མི་དང་དུད་འགྲོ་སོགས་སྲོག་ཆགས་ཐམས་ཅད་ཀྱི་སྲོག་གི་རྟེན་གཞི། དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཟླ་ཆུ་སྔོན་མོ་གཡོན་ནས་འབབ་ཅིང་། འབྲི་ཀླུང་གཙང་པོ་གཡས་ཕྱོགས་ནས་འབབ་པ། ཟིལ་ཆུ་དང་། དཔའ་ཆུ་དང་། རྨེ་ཆུ་ལ་སོགས་ཆུ་ཕྲན་མང་པོ་ཕྱོགས་མཐའ་དག་ནས་ལྷུང་ལྷུང་དུ་བཞུར་བ། ཤར་ཕྱོགས་དཔའ་འོག་ལྷ་སྡེ། ལྷོ་སྡེ་ཕྱི་འབྲོག་ཁག་ལྔ། བྱང་སྡེ་ཟླ་ཆུ་ཁག་ལྔ་སོགས་འབྲོག་སྡེའི་རྩྭ་ཐང་རྣམས་སུ་མེ་ཏོག་སེར་ཆེན་དང་། གུར་གུམ་མེ་ཏོག གའུ་ལྕང་ཤོག ཨུཏྤལ་སྔོན་པོ། ཤང་དྲིལ་དཀར་དམར། ལུག་མིག་མེ་ཏོག་སོགས་མེ་ཏོག་གི་རིགས་རྣམས་ལྷ་ཡི་སྐྱེད་ཚལ་མི་ཡུལ་དུ་འབབ་པ་ལྟར་བཀྲག་མདངས་ལྡན་ཞིང་མིག་དང་ཡིད་ཀྱི་དབང་པོ་འཕྲོག་པར་བྱེད་པའི་རང་བྱུང་མཛེས་པའི་དཔལ་ཡོན་རང་བཞིན་གྱིས་བཞད་ཡོད།
ནོར་ལུག་མདོ་བའི་ཁྱུ་ཚོགས་སྤྲིན་ལྟར་འཁྲིགས། །
ལོ་ལེགས་གསེར་མདོག་སྙེ་མས་གཡབ་མོ་བརྡེབ། །
འདོད་རྒུའི་འཚོ་བའི་ཟས་གོས་ཆར་ལྟར་འབབ། །
ཞིང་འབྲོག་ཟུང་ལྡན་སོ་ནམ་ཡུལ་འདིར་རྒྱས། །
        ཡུལ་འདིའི་ཞིང་འབྲོག་སོ་ནམ་གྱི་ཁྱད་ཆོས། ལྷོ་སྡེ་ཕྱི་འབྲོག་ཁག་ལྔ་དང་། བྱང་སྡེ་ཟླ་ཆུ་ཁག་ལྔ་གཙོ་བོར་བྱས་པའི་འབྲོག་སྡེ་རྣམས་སུ་རི་ཀླུང་ཐམས་ཅད་འབྲི་གཡག་ལ་སོགས་གནག་ཕྱུགས་ཀྱིས་ཁེངས་པ། རྩྭ་ཐང་ཐམས་ཅད་གཡང་དཀར་ལུག་གི་ཁྱུ་ཚོགས་རྒྱུ་བ། ཕྱོགས་མཚམས་ཀུན་ན་འདོ་བ་རྟ་ཕོའི་འཚེར་སྒྲས་ཁྱབ་པའི་འབྲོག་པའི་དཔལ་ཡོན་སྤྲིན་ལྟར་འཁྲིགས་པ་དང་། འདན་མ་ཆུ་ལ་ཉིན་སྲིབ་གཙོ་བོར་བྱས་པའི་འབྲུ་སྲན་སྣ་ལྔའི་གཏེར་ཁ། ཤར་རྨེ་ཤོད་ཕུ་མདའ། ལྷོ་དཔེ་ཝ་ཆུ་སྲིབས་ལ་སོགས་པའི་རོང་སྡེ་རྣམས་སུ་ནས་དང་། གྲོ་དང་། སྲན་མ་དང་། བྲ་བོ་ལ་སོགས་འབྲུ་རིགས་ཀྱི་གཏེར་ཁ་བརྡོལ་བ། དེ་ལྟར་ཞིང་འབྲོག་གཉིས་ཀྱི་དཔལ་ཡོན་རྒྱས་པའི་ཡུལ་འདིར་ཞོ་དང་འོ་མ་ལ་སོགས་པའི་དཀར་གསུམ་གྱི་ཟས་རིགས་དང་། ཤ་ཆང་ལ་སོགས་བཅུད་ལྡན་གྱི་བཟའ་བཏུང་གིས་ཕྱུག་པ། དགུན་པགས་རིགས་དང་། དབྱར་སྣམ་ཕྲུག་གི་ཆས་གོས་ཀྱིས་དྲོད་འཇམ་ལུས་ལ་སྟེར་བས་ལུས་བདེ་སེམས་སྐྱིད་ཀྱི་འཚོ་བས་དུས་འདའ་བར་ཡོད།
བཙན་པོའི་གཉའ་གཅོག་ཉམས་ཆུང་མཐའ་ནས་སྐྱོང༌། །
མི་སྲུན་དཔའ་བཀོང་བསྟན་དགྲའི་གཤེད་མའི་དཔུང༌། །
ཁྲ་གླག་སྤྱང་གསུམ་སེང་ཆེན་རྒྱལ་པོ་སོགས། །
དགྲ་འདུལ་དཔའ་བོའི་ཁྱུ་ཚོགས་འདི་ན་བཞུགས། །
དཔེ་རིས་སྣ་ཚོགས་བརྐོས་པའི་པར་ཤིང་།
        ནང་བཅུད་འགྲོ་བ་མིའི་དཔའ་རྩལ་གྱི་སྐོར། སྤྱིར་སྡེ་དགེའི་ཡུལ་འདིར་གནའ་བོའི་དུས་སུ་གླིང་འགུ་ཟི་རྒྱལ་པོས་དབང་བསྒྱུར་བྱ་ཡུལ་ཡིན་སྟབས། བཙན་པོ་གཉའ་ནས་གཅོག ཉམས་ཆུང་མཐའ་ནས་སྐྱོང་བ་ནི་གླིང་གི་ཕུ་ནུ་སུམ་ཅུ་དང་། དཔའ་ཐུལ་བརྒྱད་ཅུའི་རང་གཤིས་ཡིན། དེས་ན་ཡུལ་འདིའི་མི་དམངས་རྣམས་དཔའ་བོ་ལ་དགའ་ཞེན་དང་། ཆེ་བསྟོད་བྱ་བའི་གོམས་སྲོལ་ཞིག་ཆགས་ཡོད། དེས་ན་གནའ་བོའི་དུས་སུ་ཡུལ་འདིར་བྱུང་བའི་དཔའ་བོའི་རིགས་ལ་གླིང་གི་དཔའ་བོ་ཁྲ་གླག་སྤྱང་གསུམ་སྟེ། ཚ་ཞང་འདན་མ་བྱང་ཁྲ། འགྲུ་དགའ་སྡེ་ཆོས་སྐྱོང་བེར་ནག དཔའ་ལ་མི་སྤྱང་དཀར་པོ་གསུམ་ལ་ཟེར། གླིང་རྗེ་གེ་སར་རྒྱལ་པོ་ནི་གླིང་འགུ་ཟི་རྒྱལ་པོའི་གདུང་རྒྱུད་དུ་སྐྱེས་ཤིང་། བོད་ཁམས་སིལ་བུར་འཐོར་བའི་དུས་དེར་ཕྱི་དགྲ་ཐབས་ཀྱིས་འདུལ། ནང་འབངས་བྱམས་ཀྱིས་བསྐྱངས་པས་ཡུལ་མིའི་ངག་ཏུ་གླིང་རྗེ་སེང་ཆེན་རྒྱལ་པོ། དབུ་ནག་བོད་ཀྱི་སྐྱབས་མགོན། བདུད་དགྲ་འདུལ་བའི་དཔའ་བོ། ཉམ་ཆུང་སྐྱོང་བའི་ཕ་མ། འགྲོ་དྲུག་འདྲེན་པའི་བླ་མ་ཞེས་འབོད་སྲོལ་ཆགས་ཡོད་པ་ནི་ཡུལ་འདིར་དཔའ་བོ་ལ་དགའ་དད་ཆེ་བའི་གོམས་སྲོལ་གྱིས་ཡིན་པ་སྨོས་མ་དགོས། དེ་བཞིན་དུ་དུས་ཕྱིས་སུ་བྱུང་བའི་ཁམས་པའི་དཔའ་རྒོད་སྐོར་ལ་ཉག་ཕྲུག་རིན་ཆེན་དང་། བ་ཡ་ཨ་ངག བྱེ་དམག་འཇིགས་མེད་ཕྲིན་ལས་སོགས་དམངས་ཁྲོད་དུ་ཆེ་བསྟོད་བྱ་ཡུལ་གྱི་དཔའ་བོ་བྱུང་བའི་སྒྲུང་མང་པོ་ཡོད།
གངས་ལྗོངས་ཤེས་རིག་ཆོས་མཛོད་སྤར་ཁང་དང༌། །
རིས་མེད་གྲུབ་མཐའི་དགོངས་བཅུད་མཛོད་ཆེན་ལྔ། །
དཀར་ནག་རྩིས་དང་སྨན་གྱི་སྦྱོར་སྡེབ་སོགས། །
ཚན་རིག་རྒྱ་མཚོའི་རྦ་རླབས་འདི་ནས་འཕྱོ། །
        སློབ་གསོ་དང་རིག་གནས་ཀྱི་སྐོར། བོད་ཀྱི་རིག་གནས་ཐམས་ཅད་མི་ཉམས་གོང་འཕེལ་གཏོང་བའི་ཐབས་ལམ་གཙོ་བོ་ནི་ཡིག་ཆ་ཕྱོགས་བསྒྲིགས་དང་པར་སྐྲུན་བྱ་བའི་ལས་ཀ་ཡིན་པ་བཤད་མ་དགོས། གནའ་བོའི་དུས་སུ་རྒྱལ་བའི་བཀའ་བསྟན་ལ་སོགས་གྲུབ་མཐའ་རིས་མེད་ཀྱི་དཔེ་ཚོགས་ཤིང་སྤར་བསྐྲུན་པའི་ལས་དེ་སྡེ་དགེའི་རྒྱལ་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་གཙོར་གནང་བའི་རྒྱལ་རབས་རིམ་བྱུང་གིས་དོ་སྣང་མཛད་པའི་སྟབས་ཀྱིས། བོད་གངས་ཅན་ལྗོངས་ཀྱི་སྤར་ཁང་ཆེ་ཤོས་དེ་སྡེ་དགེའི་སྤར་ཁང་ཆོས་མཛོད་ཆེན་མོ་འདི་ཆགས་ཡོད།
        བོད་ཀྱི་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་དཔེ་ཚོགས་རྣམས་ཕྱོགས་བསྒྲིགས་བྱས་པའི་མཛོད་ཆེན་ལྔ། དེའི་ཁྲིད་རྒྱུན་དང་། ལུང་རྒྱུན། དབང་དང་། གདམས་ངག་གི་བརྒྱུད་པ་ཐམས་ཅད་ཚང་ལ་མ་ཉམས་པ་དར་སྤེལ་གཏོང་ཐུབ་པ་ནི་སྡེ་དགེའི་ཡུལ་འདི་ཁོ་ན་ལ་བྱུང་ཡོད།
        རིག་གནས་ཀྱི་སྐོར་ལ། བཟོ་རིག་ལག་རྩལ་ཀུན་གྱི་གཙོ་བོར་གསེར་དངུལ་གྱི་རྒྱན་དང་། ལྷ་སྐུ། མཆོད་ཆས་སོགས་མཛེས་རྒྱན་རྒྱས་སྤྲོས་ཅན་གྱི་ལག་རྩལ་དཔེ་ཝར་གྱི་གསེར་དངུལ་རྒྱན་ཆ། ཧོར་པོའི་གྲི་དང་། དྲིལ་བུ། རྨེ་ཤོད་ཀྱི་མྱེ་ཆ་དང་། སྤར་ཁུག་སོགས་ཀྱི་ལག་རྩལ་གྱི་ཁྱད་ཆོས་དེ་བོད་ལྗོངས་ཡོངས་ལ་སྐད་གྲགས་ཡོད།
        བོད་ཀྱི་ལྷ་བཟོ་ལག་རྩལ་གྱི་རྒྱུན་མང་པོ་ཡོད་པ་དག་ལས་གཙོ་བོ་སྨན་ལུགས་དང་། སྒར་ལུགས་གཉིས་ཡིན་ཞིང་། དེ་ལས་སི་ཏུ་ཆོས་འབྱུང་ལས་བྱུང་བའི་སྒར་ལུགས་གསར་མ་དང་། གྲུ་པ་ཕུར་བུ་དང་། འཛིང་ལྷ་འཇམ་དབྱངས་སོགས་སྨན་གསར་གྱི་རི་མོ་རྒྱུན་འཛིན་བྱེད་མཁན་མང་པོ་བྱུང་ཡོད་སྟབས་སྡེ་དགེའི་ཡུལ་དུ་སྒར་སྨན་གཉིས་ཀའི་ཕྱག་རྒྱུན་དར་ཡོད།
        གསོ་བ་རིག་པ་ལ་བྱང་ལུགས་དང་ཟུར་ལུགས་གཉིས་ཡོད་པ་ལས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དཔལ་སྤུངས་ལྔ་རིག་སློབ་གླིང་དུ་ཟུར་ལུགས་གསོ་རིག་གི་ཁྲིད་རྒྱུན་ཕྱག་ལེན་དང་བཅས་པ་སྤེལ་བས་དེང་གི་དུས་སུའང་ཟུར་ལུགས་ཕྱག་ལེན་གྱི་ལྟེ་གནས་ལྟ་བུ་ཞིག་ཆགས་ཡོད།
        སྐར་རྩིས་ལ་ཕུག་ལུགས་དང་མཚུར་ལུགས་གཉིས་ཡོད་པ་ལས། དཔལ་སྤུངས་ལ་སོགས་དགོན་སྡེ་ཁག་གཅིག་ཏུ་མཚུར་ལུགས་མ་ཉམས་པ་ཕྱག་ལེན་མཁན་གྱི་སྲོལ་ཡོད་ལ། ཀ་ཐོག་ལ་སོགས་དགོན་སྡེ་ཁག་གཅིག་གིས་ཕུག་ལུགས་རྩིས་ཀྱི་ཕྱག་ལེན་མ་ཉམས་པ་བྱེད་ཅིང་ཡོད་སྟབས་ཡུལ་འདིར་རྩིས་ལ་ཕུག་མཚུར་གཉིས་ཀའི་བསྟན་པ་དར་ཡོད།
དཔོན་གྱི་ཐོབ་ཐང་འབངས་ཀྱིས་འདེམས་བསྐོས་བྱེད། །
འབངས་མིའི་སྐྱིད་སྡུག་དཔོན་གྱི་ཁྲིམས་ལ་རགས། །
གཅིག་ལ་གཅིག་བརྟེན་དམངས་གཙོ་ཆེན་པོའི་ལུགས། །
གནའ་བོའི་དུས་ནས་སྡེ་དགེའི་ཡུལ་འདིར་དར། །

པར་འདེབས་ལག་རྩལ།
        སྡེ་དཔོན་ལམ་ལུགས་ཀྱི་སྐོར། གནའ་དུས་སྡེ་དགེ་རྒྱལ་པོའི་མངའ་ཁོངས་སུ་སྡེ་དཔོན་གྱི་གོ་རིམ་ལ། དང་པོ་སྡེ་དགེ་རྒྱལ་པོ། དེ་འོག་གཉེར་ཆེན་བཞི། དབུ་བླ་ཁག་ལྔ། མདུན་སྐོར་སུམ་ཅུ། ཧོར་འདྲ་བརྒྱད་ཅུ་བཅས་ཡོད། གཞན་ཡང་ས་གནས་སོ་སོར་འཛིན་སྐྱོང་བྱེད་པའི་དཔོན་རིགས་ལ། སྡེ་དགེ་རྒྱལ་པོས་ཐད་སྐྱོང་ཅན་གྱི་དཔོན་མགོ་བཞི་ལ་ཤར་འབའ་ཆུང་དཔོན། ལྷོ་སྒ་རྗེ་དཔོན། ནུབ་འབྲོང་པ་དཔོན། བྱང་སེར་ཤུལ་དཔོན་དང་བཞི། རོང་ཤིང་སྒོ་ཅན་གྱི་རྫོང་ཁག་ཉི་ཤུ་ལྔ་དང་། འབྲོག་སྦྲ་གུར་ཅན་གྱི་རྫོང་ཁག་ཉི་ཤུ་རྩ་ལྔ་བཅས་སྡེ་དགེའི་རྫོང་སྒོ་ལྔ་བཅུ་ལ་འབྲོག་སྡེ་ཕལ་ཆེ་དཔོན་མགོ་ཁྱིམ་བརྒྱུད་ཀྱིས་འཛིན་ཞིང་། རོང་སྡེ་རྫོང་ཁག་ཉེར་ལྔའི་རྫོང་དཔོན་རྣམས་ལོ་གསུམ་བཞིའི་མཚམས་ན་བརྗེ་ལེན་བྱེད་ཅིང་། དེ་ཡང་སྡེ་དགེ་ལྷན་རྒྱས་ཚོགས་འདུའི་ཐོག་མདུན་སྐོར་རྣམས་ཀྱིས་འོས་ཤོག་བླུག་ནས་བདམས་སྲོལ་ཡོད་འདུག དེ་ནས་སྡེ་འབངས་ཀྱིས་དཔོན་ལ་བརྩི་བཀུར་ཆེ་ཞིང་དཔོན་རིགས་རྣམས་ཀྱིས་ཀྱང་སྡེ་འབངས་བྱམས་ཀྱིས་སྐྱོང་བའི་ལུགས་སྲོལ་དེ་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་ཙམ་ཡུལ་འདིར་དར་སྲོལ་བྱུང་།
དཀར་ནག་རྒྱ་བོད་སྐད་ཡིག་ཐོགས་པར་མེད། །
རིས་མེད་གྲུབ་མཐའ་ཀུན་ལ་མངོན་པར་བྱང༌། །
སྒྲ་ཚད་བཟོ་གསོ་སྨྲ་བའི་སློབ་དཔོན་ཆེ། །
གངས་ལྗོངས་མཁས་གྲུབ་ཁྱུ་གཅིག་འདི་ནས་བྱུང༌། །

        མཁས་པའི་ཁྱུ་ཚོགས། རྒྱ་དཀར་ནག་གཉིས་ཀྱི་སྐད་ཡིག་སྦྱོང་པ་མི་དམན་པ་ཐོབ་ཅིང་། བོད་ཀྱི་རིག་གནས་མཐའ་དག་ལ་བྱང་ཆུབ་པའི་སི་ཏུ་ཆོས་ཀྱི་འབྱུང་གནས་དང་། འབེ་ལོ་ཚེ་དབང་ཀུན་ཁྱབ། དེ་བཞིན་རིག་པའི་གནས་མཐའ་དག་ལ་མཁས་པའི་དབོན་པོ་ཀརྨ་ངེས་ལེགས། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། ཀ་ཐོག་དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ལ་སོགས་པ་བོད་གངས་ཅན་ལྗོངས་འདིར་སྙན་གྲགས་ཆེ་བའི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་མཐའ་དག་ལ་བྱང་ཆུབ་པའི་མཁས་པ་ཆེན་པོ་མ་ཧཱ་པཎྜི་ཏ་མང་པོ་ཞིག་བྱུང་ཡོད། ། 

        2017ལོའི་《ཁ་བཏགས་དཀར་པོ།》དེབ་དང་པོ་ལས་བཤུས། 



རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1