༄༅།། བདག་སྤྲོད་བྱེད་ཁོངས་གང་ལ་གཏུག་བཤེར་བྱ་དགོས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-16



ཚེ་བརྟན་སྒྲོལ་མས་བསྒྱུར།

        རྒྱལ་ཡོངས་སུ་གཞི་རིམ་ཁྲིམས་ཁང་དང་། འབྲིང་རིམ་ཁྲིམས་ཁང་། མཐོ་རིམ་ཁྲིམས་ཁང་། ཆེས་མཐོ་ཁྲིམས་ཁང་བཅས་ཁྲིམས་ཁང་རིམ་པ་བཞི་ཡོད་པ་ལ། དམངས་རྩོད་གཏུག་བཤེར་བྱེད་ན་ཁྲིམས་ཁང་རིམ་པ་གང་ལ་གཏུག་དགོས།
གྱོད་དཔེ།
        བཟོད་པ་དམའ་འབྲིང་ལས་སློབ་མཐར་ཕྱིན་རྗེས་བཟོ་གྲྭ་ཞིག་ཏུ་ལས་ཀ་ལས་བཞིན་ཡོད། ཁོ་བཅའ་ཁྲིམས་ལ་ཤིན་ཏུ་དགའ་བས་ཉིན་རྒྱུན་བརྙན་འཕྲིན་ནང་གི་ཁྲིམས་ལུགས་ལེ་ཚན་གྱི་གྱོད་དོན་སྣ་ཚོགས་ལ་ལྟ་བཞིན་ཡོད། ཁོས་བརྙན་འཕྲིན་ནང་གི་གྱོད་དོན་ཁ་ཤས་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱེད་པ་དང་། ཁ་ཤས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱེད་པ། ཁ་ཤས་ཁུལ་ཁྲིམས་ཁང་གིས་འདྲི་གཅོད་བྱེད་པ་མ་ཟད་ཐེངས་ཤིག་ལ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཀྱང་དམངས་དོན་གྱོད་གཞི་ཞིག་ལ་བཅད་ཁྲ་བཏང་བ་མཐོང་། བཟོད་པས་རྫོང་རིམ་པའི་མི་དམངས་ཁྲིམས་ཁང་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་བར་དུ་འབྲེལ་བ་ཅི་ཞིག་ཡོད་པ་མ་ཤེས་ཤིང་། ཅིའི་ཕྱིར་གྱོད་གཞི་ཁ་ཤས་ཤིག་རྫོང་རིམ་པའི་མི་དམངས་ཁྲིམས་ཁང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱེད་པ། གྱོད་གཞི་ཁ་ཤས་ཤིག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱ་དགོས་པ། མི་དཀྱུས་མ་ཞིག་གི་གཏུག་བཤེར་བྱ་དགོས་ན་ཁྲིམས་ཁང་གང་དུ་གཏུག་དགོས་པ། གཞན་ད་དུང་རྒྱལ་ཁབ་ལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་ཞིག་ཀྱང་ཡོད་པས་དེའི་ནང་དུ་གྱོད་གཞི་གང་འདྲ་ཞིག་འདྲི་གཅོད་དགོས་པ་གསལ་པོར་ཤེས་རིག་གི་ཡོན་ཚད་ཞན་པས་བལྟས་ཀྱང་གོ་བ་ལེན་ཐབས་བྲལ། འོ་ན། རང་རྒྱལ་དུ་གཞི་རིམ་ཁྲིམས་ཁང་དང་། འབྲིང་རིམ་ཁྲིམས་ཁང་། མཐོ་རིམ་ཁྲིམས་ཁང་། ཆེས་མཐོའི་ཁྲིམས་ཁང་བཅས་ཁྲིམས་ཁང་རིམ་པ་བཞི་ཡོད་པས་མི་རྣམས་ཀྱིས་གཏུག་བཤེར་བྱེད་ན་གང་དུ་གཏུག་དགོས། 

ཁྲིམས་རོགས་པའི་དཔྱད་བརྗོད། 
        གྱོད་དཔེ་འདིའི་ནང་དུ་བཟོད་པས་ཁྲིམས་ཁང་གང་དུ་གཏུག་བཤེར་བྱེད་དགོས་པ་མ་ཤེས་པའི་གནད་དོན་འདི་དམངས་རྩོད་གཏུག་བཤེར་བཅའ་ཁྲིམས་ཁྲོད་བདག་སྤྲོད་བྱེད་ཁོངས་ཀྱི་གཏན་འཁེལ་དུ་གཏོགས། རིམ་འབྱེད་བདག་སྤྲོད་བྱེད་ཁོངས་ཞེས་པ་ནི་མི་དམངས་ཁྲིམས་ཁང་ནང་ཁུལ་དུ་རིམ་པ་གོང་འོག་གི་མི་དམངས་ཁྲིམས་ཁང་བར་འདྲི་གཅོད་དང་པོའི་གྱོད་དོན་བདག་སྤྲོད་བྱེད་པའི་ལས་བགོ་དང་དབང་མཚམས་ལ་ཟེར། གོ་བདེ་བར་བཤད་ན་རིམ་པ་གང་གི་མི་དམངས་ཁྲིམས་ཁང་གིས་གྱོད་དོན་རིམ་པ་གང་དང་རིགས་གང་དག་བདག་སྤྲོད་བྱེད་པའི་གནད་དོན་ཡིན། 
གཞི་འཛིན་སའི་བཅའ་ཁྲིམས། 
        དམངས་རྩོད་གཏུག་བཤེར་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས། དོན་ཚན་བཅོ་བརྒྱད་པ། གཞི་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་དམངས་རྩོད་གྱོད་གཞི་བདག་སྤྲོད་བྱ་རྒྱུ། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ནང་ལོགས་སུ་གཏན་འབེབས་བྱས་རིགས་རྣམས་འདིའི་ཁོངས་སུ་མི་ཚུད། དོན་ཚན་བཅུ་དགུ་པ། འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་དམངས་རྩོད་གྱོད་དོན་གཤམ་གསལ་བདག་སྤྲོད་བྱ་རྒྱུ། 
1. ཕྱི་ཕྱོགས་དང་འབྲེལ་བའི་གྱོད་དོན་གལ་གནད་ཆེ་རིགས། 
2. རང་ཁོངས་ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་ཡོད་པའི་གྱོད་དོན། 
3. འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་བདག་སྤྲོད་བྱ་དགོས་ཞེས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་གྱོད་དོན་བཅས་ཡིན། 
དོན་ཚན་ཉི་ཤུ་པ། མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རང་ཁོངས་ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་ཡོད་པའི་འདྲི་གཅོད་དང་པོའི་དམངས་རྩོད་གྱོད་དོན་བདག་སྤྲོད་བྱ་རྒྱུ། 
དོན་ཚན་ཉེར་གཅིག་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་དམངས་རྩོད་གྱོད་དོན་གཤམ་གསལ་བདག་སྤྲོད་བྱ་རྒྱུ། 
1. རྒྱལ་ཡོངས་སུ་ཤུགས་རྐྱེན་ཆེན་པོ་ཡོད་པའི་གྱོད་དོན། 
2. ཁྲིམས་ཁང་རང་ཉིད་ཀྱིས་ཞིབ་གཅོད་བྱ་དགོས་པར་ངོས་ཟིན་པའི་གྱོད་དོན། 

རང་རྒྱལ་གྱི་ཁྲིམས་ཁང་རིམ་པ་བཞིར་དབྱེ་ཡོད།
1.གཞི་རིམ་མི་དམངས་ཁྲིམས་ཁང་། དམངས་རྩོད་གཏུག་བཤེར་བཅའ་ཁྲིམས་ནང་གཏན་འབེབས་བྱས་ཡོད་པའི་འབྲིང་རིམ་མི་དམངས་ཁྲིམས་ཁང་། མཐོ་རིམ་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱ་དགོས། དོ་བདག་བར་བྱུང་བའི་རྩོད་གཞི་ཚང་མ་གཞི་རིམ་མི་དམངས་ཁྲིམས་ཁང་གི་བདག་སྤྲོད་བྱ་ཁོངས་སུ་ཡོད་པས་འཚོ་བ་དངོས་ཁྲོད་དམངས་དོན་གྱོད་གཞི་མང་ཆེ་བ་གཞི་རིམ་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱེད་བཞིན་ཡོད། 
2.འབྲིང་རིམ་མི་དམངས་ཁྲིམས་ཁང་། འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བདག་སྤྲོད་བྱེད་ཁོངས་ནི། 1. ཕྱི་ཕྱོགས་དང་འབྲེལ་བའི་གྱོད་དོན་གལ་གནད་ཆེ་རིགས། 2. རང་ཁོངས་ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་ཡོད་པའི་གྱོད་དོན། 3. འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་བདག་སྤྲོད་བྱ་དགོས་ཞེས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཏན་འཁེལ་བྱས་པའི་གྱོད་དོན་བཅས་ཡིན། 
3.མཐོ་རིམ་མི་དམངས་ཁྲིམས་ཁང་། མཐོ་རིམ་མི་དམངས་ཁྲིམས་ཁང་གི་བདག་སྤྲོད་བྱ་ཁོངས་ནི་རང་ཁོངས་ས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་ཡོད་པའི་གྱོད་དོན་ཡིན། 
4.ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བདག་སྤྲོད་བྱ་ཁོངས་ནི། 1.རྒྱལ་ཡོངས་སུ་ཤུགས་རྐྱེན་ཆེན་པོ་ཡོད་པའི་གྱོད་དོན། 2.ཁྲིམས་ཁང་གིས་རང་ཉིད་ཀྱིས་ཞིབ་གཅོད་བྱེད་དགོས་པར་ངོས་ཟིན་པའི་གྱོད་དོན། གཞན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་འགྲེལ་བཤད་ཀྱི་རྣམ་པ་ལྟར་རྩོད་གཞིའི་དམིགས་རྫས་ཀྱི་ཆེ་ཆུང་དཔྱད་གཞིར་བཟུང་ནས་བདག་སྤྲོད་བྱེད་ཁོངས་ཁྲིམས་ཁང་གཏན་ཕབ་བྱས་ཆོག རིམ་འབྱེད་བདག་སྤྲོད་བྱེད་ཁོངས་ཀྱི་གཏན་འབེབས་གསལ་པོར་ཤེས་ཚེ་གྱོད་དོན་གང་ཞིག་མི་དམངས་ཁྲིམས་ཁང་རིམ་པ་གང་ལ་གཏུག་དགོས་པ་གསལ་པོར་ཤེས་ཐུབ། ། 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1