ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་རྒྱལ་ཁབ་བདེ་འཇགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 02-20


        སྤྱི་ཟླ་2པའི་ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཙོ་སྐྱོང་མཛད་དེ་རྒྱལ་ཁབ་བདེ་འཇགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་མ་ཟད་གསུངས་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་ཁོང་དུ་ཆུད་པར་བྱེད་པ་དང་། སྤྱི་ཁོག་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་ནན་མོ་བྱེད་པ། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་བགྲོད་ལམ་དུ་བསྐྱོད་པ། ཧུར་ཐག་གིས་རྒྱལ་ཁབ་བདེ་འཇགས་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་བདེ་འཇགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་ཞེས་བརྟན།། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ལི་ཁེ་ཆང་དང་ཀྲང་ཏེ་ཅང་གཉིས་བཞུགས་མོལ་ཚོགས་འདུར་ཞུགས། 
        བཞུགས་མོལ་ཚོགས་འདུའི་སྟེང་། ཞི་ཅིན་ཕིང་གིས་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་བསྡུ་དོན་ནི་ཚང་མའི་བསམ་འཆར་གྲོས་གཞི་ལ་ཉན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་གནས་བབ་ལ་དབྱེ་ཞིབ་བྱེད་པ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རྒྱལ་ཁབ་བདེ་འཇགས་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱ་རྒྱུ་དེ་ཡིན་ཞེས་བསྟན།  
        རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀའོ་ཧྲེན་ཁོན་དང་། ཕྱི་འབྲེལ་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི། པུའུ་ཀྲང་གཞོན་པ་ཀྲང་ཡེ་སོས། ཧུའུ་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཅང་ཁྲོ་ལེང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆོན་ཀོན་བཅས་ཀྱིས་སོ་སོར་རང་སྡེ་ཁག་དང་རང་ས་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་བྱ་བ་སྤེལ་བའི་གནས་ཚུལ་ཐད་ནས་མཚམས་སྦྱོར་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་ལ་སྔར་ལས་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་བྱ་བའི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན།
        ཚང་མའི་གཏམ་བཤད་ལ་ཉན་རྗེས། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་བྱ་བར་མཐོང་ཆེན་བྱས་ཏེ། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱིར་བཏོན་ལ། རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་བྱེད་ཕྱོགས་དང་སྤྱི་ཁོག་གི་བཀོད་སྒྲིག་་གསལ་བོ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པར་སྐུལ་འདེད་བཏང་ཞེས་བསྟན། 
        ཞི་ཅིན་ཕིང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྱབ་ཁོངས་ཁེབས་རྒྱ་ཧ་ཅང་ཆེ་བ་དང་། ཏང་དང་རྒྱལ་ཁབ་སྤྱི་ཡོངས་ཀྱི་བྱ་བའི་ཁྲོད་ཀྱི་གལ་ཆེན་རང་བཞིན་ཉིན་རེ་བཞིན་འབུར་ཐོན་ཡིན། ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་དང་། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་སྤེལ་བཞིན་པའི་སྒང་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་ཉེན་ཁ་ཚོད་བགམ་དང་འགྲན་རྩོད་ཆེན་པོར་ཁ་ཕྱོགས་དགོས་པ་དང་། དེས་རྒྱལ་ཁབ་བདེ་འཇགས་བྱ་བའི་ཐད་གྲོས་གཞི་གསར་པ་བཏོན་ལ། རྒྱལ་ཁབ་བདེ་འཇགས་བྱ་བའི་ཐད་གོ་སྐབས་གསར་པ་ཡང་འདོན་སྤྲོད་བྱས། རྒྱལ་ཁབ་བདེ་འཇགས་བྱ་བས་མཐར་གཏུག་ན་མི་དམངས་ཀྱི་ཁེ་ཕན་ལ་འགན་སྲུང་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ཐད་ནས་ཡོད་ཚད་མི་དམངས་ཀྱི་ཆེད་དང་ཡོད་ཚད་མི་དམངས་ལ་རྒྱབ་རྟེན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པར་འགན་སྲུང་བརྟན་པོ་འདིང་དགོས་ཞེས་བསྟན། 
        ཞི་ཅིན་ཕིང་གིས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རྒྱལ་ཁབ་བདེ་འཇགས་བྱ་བའི་ཐད་ནས་རེ་བ་གསལ་བོ་བཏོན། ཁོང་གིས་ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར་བདེ་འཇགས། རྒྱལ་ཁོངས་བདེ་འཇགས། སྤྱི་ཚོགས་བདེ་འཇགས། དྲ་རྒྱའི་བདེ་འཇགས་སོགས་ཕྱོགས་སོ་སོའི་བདེ་འཇགས་བྱ་བ་འབུར་ཐོན་བྱས་ནས་དམ་འཛིན་བྱ་དགོས་ཞེས་བསྟན། 
        ཞི་ཅིན་ཕིང་གིས་ཏང་གི་རྒྱལ་ཁབ་བདེ་འཇགས་བྱ་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི། རྒྱལ་ཁབ་བདེ་འཇགས་བྱ་བ་བཟང་བོར་བསྒྲུབ་པའི་རྩ་བའི་རྩ་དོན་ཡིན་པས། ས་ཁུལ་སོ་སོས་ཏང་ཨུས་གཅིག་གྱུར་སྒོས་འགོ་ཁྲིད་བྱེད་པའི་རྒྱལ་ཁབ་བདེ་འཇགས་འགན་འཁྲི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ལས་བྱེད་པའི་དཔུང་སྡེ་ལ་སེམས་ཁུར་དང་གཅེས་སྤྲས་བྱས་ཏེ། ཁོ་ཚོར་སྟབས་བདེ་ཆ་རྐྱེན་དང་སྲིད་ཇུས་འགན་སྲུང་འདོན་སྤྲོད་བྱ་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1