ཀརྨ་རྒྱལ་མཚན་གྱིས་སྡུད་སྒྲིག་དང་པར་བླངས།
གཅིག ཁུངས་ལུང་འཁྲུལ་བ་མེད་པར་བསྟན་པ།
དེ་ཡང་མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་དཀར་ཆག་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་བཀོད་པ་ལས། གསུང་གི་ཕྲིན་ལས་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་ཀྲེ་ཞེས་བྱ་བ་རུ༔ ཐོད་དཀར་ཞེས་བྱ་རི་བོ་དུང་དཀར་འདྲ༔ ཤར་གྱི་ཕྱོགས་སུ་ང་ཡི་སྒྲུབ་ཕུག་དང༔ བྲག་ལ་ཧེ་རུ་ཀ་དཔལ་རང་བྱོན་བཞུགས༔ གཙོ་བོ་གསུང་གི་གནས་མཆོག་གཅིག་ཏུ་བསྡུས༔ དེ་དག་གསུང་གི་གནས་མཆོག་ལྔ་པའོ༔ འགྱེད་པའི་སྐྱེས་བུ་གླང་ལོ་པ་ཞིག་འབྱུང༔ ཞེས་པ་དང་། འཇམ་མགོན་ཀོང་སྤྲུལ་གྱིས་མཛད་པའི་མདོ་བྱང་གི་གསལ་བྱེད་ལས། གསུང་གི་ཕྲིན་ལས་ཀྱི་གནས་ནི་ཧོར་ཏྲེ་ཤོད་ལ་བཞུགས་པའམ། ལྕགས་མདུད་ཁ་བ་ལུང་རིང་གང་ཡིན་དཔྱད་དགོས། ཕྱི་མ་འདི་ལ་གྲུབ་ཆེན་གསལ་སྟོང་ཤོ་སྒོམ་གྱི་གནས་ཡིག་ཡོད་སྐད་དོ། །ཞེས་པ་དང་། ཡང་། གཏེར་ལུང་ལས༔ ཨེ་མ༔ ཆོས་དབྱིངས་རང་མདངས་བཀོད་པ་རྒྱལ་བའི་ཞིང༔ སྐུ་གསུམ་ལྷུན་གྲུབ་བདེ་ཆེན་ཡེ་ཤེས་རྩལ༔ ཕྱི་སྣོད་འཇིག་རྟེན་ཞིང་དང་ནང་བཅུད་ལྷ༔ དག་པ་རབ་འབྱམས་གནས་ཡུལ་ཚོགས་དུ་མ༔ ཡོངས་སུ་བཀོད་པ་འཛམ་གླིང་བྱང་གི་ཕྱོགས༔ གངས་ཅན་ཤར་ཕྱོགས་རྨ་རི་ལྷོ་ཡི་ཆ༔ ཨ་ཛི་ཉག་སྟོད་ཏྲེ་ཤོད་ཧོར་གྱི་སྨད༔ ཁ་བ་ལུང་རི་མདོ་སྨད་གནས་ཀྱི་གཙོ༔ དཔལ་ལྡན་འཁོར་ལོ་སྡོམ་པའི་ཕོ་བྲང་དངོས༔ རྒྱལ་བས་ལུང་བསྟན་བྱང་ཕྱོགས་རྟ་རྣ་རི༔ པདྨས་ལུང་བསྟན་དྲེལ་རྣ་འཛིན་གཉིས་པ༔ གནས་ཀྱི་བརྡ་རྟགས་རྫོགས་པའི་གངས་རི་ཟུང༔ ཞེས་དང་། སྔོན་གེ་སར་ནོར་རུ་དགྲ་འདུལ་གྱིས། སྟག་གཟིག་ནོར་རྫོང་ཕབ་ནས། ནོར་འགྱེད་བྱས་ཚེ་འབྲུ་གཡང་ཁྱུང་གི་སྒོ་ང་དེ། ཤོད་ཆེན་བཅོ་བརྒྱད་ལས་ཏྲེ་ཤོད་ཁ་བ་ལུང་རི་ལ་ཐོབ་པས། འདི་ཕྱོགས་འབྲུ་ཡི་བང་མཛོད་རྒྱས་ཤིང་བསོད་ནམས་བདེ་སྐྱིད་ལྡན་པའི་མི་རྒྱུད་དབྱར་མཚོ་ལྟར་རྒྱས་པ། སྐར་ཚོགས་ལྟར་བཀྲ་བ། ཉི་ཟླ་ལྟར་གསལ་བ། མདོ་ཁམས་སྒང་དྲུག་གི་གནས་བདག་ཀུན་གྱི་ནང་ནས་ས་ཕྱོགས་གང་ནས་བལྟས་ཀྱང་རྒྱལ་མཚན་གྱི་ཏོག་ལྟར་དཀར་ཟིང་ངེར་མངོན་པར་མཐོ་བ། དེ་ཡང་དུས་ཀྱི་འགྱུར་ཁུགས་ལྟར་རི་བོ་འདི་ཉིད་ཀྱང་། ཐོག་མ་དཀར་པོ་དུང་འདྲ། བར་དུ་ཁྲ་བོ་སྟག་འདྲ། ཐ་མ་ནག་པོ་ཕག་འདྲ་བར་འགྱུར་དུས་ཁམས་གསུམ་སྲོག་གི་བདག་པོར་འགྱུར་བའང་བཤད་དོ། །
གཉིས། ཕྱི་ལྟར་ན།
གནས་ཆེན་ཁ་བ་ལུང་རིའི་བསང་མཆོད་བསྡུས་པ་ལས། ཀྱེེ། སྔོན་གྱི་བསྐལ་པ་དང་པོ་ལ། །རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ནས། །འཛམ་བུ་གླིང་གི་བྱང་ཕྱོགས་ནས། །ཁ་བ་ཅན་ལྗོངས་བོད་ཀྱི་ཡུལ། །ཏི་སེ་གངས་དཀར་ཤར་ཕྱོགས་སུ། །རི་རྒྱལ་ཁ་བ་ལུང་རི་ནི། །སྔོན་པོ་གཡུ་ཡི་མདོག་འདྲ་ལ། །དཀར་པོ་དུང་གི་ན་བཟའ་གསོལ། །རི་རྒྱལ་དེ་ཡི་འདབས་མ་ལ། །རྩི་ཤིང་སྣ་ཚོགས་སྐྱེས་པའི་ས། ལྗང་དཀར་ཐང་སྐྱེས་བྱེད་པའི་གནས། །མེ་ཏོག་སྣ་ཚོགས་འཁྲུངས་པའི་ལྗོངས། །འདབ་ཆགས་སྣ་ཚོགས་ལྡིང་ཞིང་འཁོར། །རི་དྭགས་སྣ་ཚོགས་འདུས་པའི་གནས། །གཅན་གཟན་སྣ་ཚོགས་ངར་སྐད་སྒྲོགས། །བདེ་བར་གཤེགས་པའི་གནས་མཆོག་འདིར། །དཔའ་བོ་མཁའ་འགྲོ་འདུས་པའི་གནས། །རྩ་བར་གཡུ་ཡི་མཚོ་མོ་འཁྱིལ། །རྩེ་མོར་སྤྲིན་དང་འཇའ་ཚོན་འཁྲིགས། །གཡུ་ཡི་ཆར་པ་སི་ལི་ལི། །དུང་གི་ཁ་བ་ཐིབ་སེ་ཐིབ། །ལྕགས་ཀྱི་སེར་བ་ཤ་ར་ར། །ཟངས་ཀྱི་ཁུ་འཕངས་ཐ་ར་ར། །རི་དེར་གནས་པའི་གཞི་བདག་ནི། །དགེ་བསྙེན་གཡུང་དྲུང་རྡོ་རྗེ་མཚན། །སྐུ་གཟུགས་དཀར་ལ་འཛུམ་མདངས་ཅན། །སྐུ་ལ་དར་དཀར་ན་བཟའ་མནབས། །མཛེས་པའི་རྒྱན་ཆ་སྣ་ཚོགས་གསོལ། །དཔའ་བོའི་གོ་ཆ་ཐམས་ཅད་གསོལ། །ཕྱག་གཡས་སྦ་ལྕག་ཀླད་ལ་གཡུག །གཡོན་པས་བ་དན་ཁྲ་བོ་བསྣམས། །ཆིབས་སུ་རྟ་དཀར་རྔོག་དམར་བཅིབས། །འཁོར་དུ་དམག་ཚོགས་འབུམ་གྱིས་བསྐོར། །སློབ་དཔོན་པདྨ་འབྱུང་གནས་ལ། །ཇི་ལྟར་ཁས་བླངས་ཐམས་ཅད་བཞིན། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཇི་ལྟར་འབྱོར་བའི་མཆོད་པ་དང་། བདུད་རྩི་གསེར་སྐྱེམས་མཆོད་པ་བཞེས། །དམ་རྫས་རྒྱན་གྱི་གཏོར་མ་འབུལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །མཐུན་རྐྱེན་བསྒྲུབ་པའི་སྡོང་གྲོགས་མཛོད། །
གསུམ། ནང་ལྟར་ན།
རྒྱལ་བ་ཐུབ་པའི་དབང་པོས་ལུང་གིས་ཟིན་ཅིང་ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། དགེ་སློང་ནམ་མཁའི་སྙིང་པོ། རྣམ་སྣང་ལོ་ཙཱ་བ་བཻ་རོ་ཙ་ན། སོག་པོ་དཔལ་གྱི་ཡེ་ཤེས། སྣ་ནམ་རྡོ་རྗེ་བདུད་འཇོམས། ལྷ་ལུང་དཔལ་གྱི་རྡོ་རྗེ་སོགས་རྒྱ་བོད་ཀྱི་རིག་འཛིན་གྲུབ་བརྙེས་མང་དུ་བྱོན་ཅིང་བཞུགས་ཏེ་བྱིན་གྱིས་བརླབས་པའི་གནས། ཡི་དམ་བདེ་མཆོག་འཁོར་ལོའི་ཕོ་བྲང་། མ་གཤིན་ཌཱཀྐིའི་ཚོགས་ཀྱི་གནས་མཆོག་དཔལ་ལྡན་ཡེ་ཤེས་མགོན་པོའི་རྣམ་རོལ་དགེ་བསྙེན་མཆེད་གསུམ་བཞུགས་པའི་རྟེན་རྫོང་སྟེ། ཙཱ་རི་ཀོ་ཊ་ཡ་དང་འདུ་བ་མཉམ་ཞིང་། མདུན་གནས་པདྨ་ཤེལ་བྲག་སྟག་ཚང་ཕུག་བཀའ་བརྒྱད་ཀྱི་གནས་དངོས་དང་། ཕྱོགས་མཚམས་སུ་ཆེ་མཆོག །ཡང་དག་གཤིན་རྗེ། རྟ་མགྲིན། ཕུར་བ་སོགས་ཀྱི་གནས་སུ། སྐུ་དང་། སྲོག་ཡིག ཕྱག་མཚན། སྐུ་རྗེས་སོགས་མངོན་པར་བཀྲ་བ། གཞན་ཐུགས་རྗེ་ཆེན་པོའི་གནས་ལ་སྐུ་ཕྱག་སྟོང་སྤྱན་སྟོང་སྐུ་བརྙན་དངོས་སུ་བཀྲ་བ། སྒྲོལ་མ། འཇམ་དཔལ། ཛམ་བྷ་ལྷ། སེང་གདོང་མ། གེ་སར། ཐང་ལྷ་རྣམས་ཀྱི་སྒྲུབ་གནས་སོ་སོའི་སྒྲུབ་ཕུག་དང་། དེ་དག་ཏུ། བཀའ་རྟགས། ཕྱག་རྗེས་གྲུབ་རྟགས་རང་བྱོན་ངོ་མཚར་ཅན་མཐོང་ཆོས་སུ་ཡོད་ཅིང་། གནས་འདིར་སྔོན་རྗེ་སྒམ་པོ་པའི་སློབ་མ་མཆོག་གྱུར། ཁམས་པ་མི་གསུམ་ལས། གསལ་སྟོང་ཤྭ་སྒོམ་བྱོན་ཏེ་ཡུན་རིང་པོར་སྒྲུབ་པ་མཛད་ནས་བཞུས་པའི་གནས་ཁྱད་པར་བ་ཞིག་ཡིན་པར་གསུངས་སོ། །
བཞི། གསང་བ་ལྟར་ན།
མཚོ་ཕུ་རྡོ་ལོ་པདྨ་འགྱུར་མེད་རྒྱ་མཚོས་མཛད་པའི་ཉག་སྟོད་ཁ་བ་ལུང་རི་ཡི་གནས་ཡིག་ལས། ཇི་སྐད་དུ། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་ཆེན་ཞིང་ཡང་ངན་སོང་གནས་སུ་སྣང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་འགྲོའི་གནས་ཀྱང་དགའ་ལྡན་ལྷ་ཡི་གནས། །ཞེས་གསུངས་པ་ལྟར་དག་དང་མ་དག་རང་རང་གི་མཐོང་སྣང་འགོག་ཏུ་མེད་ལ། དུས་རྒྱུན་པར་ཚེས་བཟང་དུས་བཟང་ལ། རྔ་དང་། མཁར་རྔ། གླིང་བུ། སིལ་སྙན། དུང་སྐད་སོགས་ཀྱི་སྒྲ་ཐོས་པ་ཡང་མང་དུ་ཡོད། དེ་ལྟ་བུའི་ཡ་མཚན་དང་ལྡན་པའི་གནས་འདི་ནི། བརྒྱུད་པ་གསུམ་གྱི་བྱིན་རླབས་འཛིན་པ། དཀོན་མཆོག་གསུམ་གྱི་བསྟན་པ་སྲུང་བ། བདེན་པ་གསུམ་གྱི་ཆོས་འཁོར་བསྐོར་བ། དགོས་འདོད་གསུམ་གྱི་ཆར་པ་འབེབས་པ། སྲིད་པ་གསུམ་ལ་བྱ་ར་མཛད་པའི་འཕྲིན་ལས་རྩལ་དང་ལྡན་པ་སྟེ། དེ་ལ་སྤྲེལ་ལོ་ནམ་ཤར་གྱི་ཚེ་ཟླ་བ་དང་པོ་ནས་དྲུག་པའི་བར་དང་། གནས་འདུས་ཆེ་ཚེ་ཟླ་བ་དང་པོ་ནས་གསུམ་པའི་བར། འཛམ་གླིང་གི་གནས་ཡུལ་ཀུན་ནས་ཞིང་སྐྱེས་ཀྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ་བའི་དུས་ཚིགས་ལ། ཕྱག་མཆོད་མར་མེ། ཇོ་དར། བསང་མཆོད་ཕུལ་བ་སོགས་དགེ་བ་གང་འགྲུབ་དང་། རྩེ་བསྐོར། བར་བསྐོར། མཐའ་བསྐོར་སོགས་སྡིག་སྤོང་དགེ་སྒྲུབ་བགྱི་བ་ལ། སྟོང་འགྱུར་གྱིས་འགྱུར་སྟོབས་ཆེ་ཞིང་། ལྷག་པར་བསྐོར་བ་གཅིག་ལ་མ་ཎི་དུང་ཕྱུར་བཅུ་གསུམ། སིདྡྷི་དུང་ཕྱུར་བདུན་སོགས་ཀྱི་ཕན་ཡོན་ཡོད་པར་གསུང་ཞིང་། དེ་ཚུལ་ཡུལ་འདིར་ཡང་སྔར་སྲོལ་གོམས་གཤིས་ལ། ས་ཕྱོགས་རི་རྒྱུད་གནས་མཐའ་ཚུན། རི་རྒྱ་རྔོན་ཁྲིམས། རྐུ་རྒྱ་ཇག་ཁྲིམས། མི་ཚེ་མི་རབས་ལ་གནས་གཞི་ལ་གནོད་པའི་ཕག་དང་། བོང་བུ་མི་གསོ་བའི་སྲོལ་ཁྲིམས་བཅས་པ་ཡ་རབས་བཟང་པོའི་སྤྱོད་པས་རྟག་ཏུ་འཚོ་ཞིང་གནས་པ་ལ། རྗེས་འཇུག་ཕྱི་རབས་པས་ཀྱང་དེ་དེ་བཞིན་དུ་སྒྲུབ་པར་གལ་ཆེ་བར་གདམས་སོ། །ཞེས་པ་ལྟར།
ལྔ། ཉག་རོང་དང་འབྲེལ་བ་ཆེ་བའི་མིང་དོན།
༡ ལྕགས་མདུད་ཐོགས་དོན་ནི། རབ་བྱུང་བརྒྱད་པའི་ས་ཡོས་༡༤༥༩ལོར་འཁྲུངས་པའི་གྲུབ་ཐོབ་ཤེས་རབ་རྒྱལ་མཚན་གྱིས་ཡུལ་སོ་སོར་མ་ཎི་ཇོ་འཁོར་སོགས་འགྲོ་དོན་མཛད་སྐབས་ཁུ་བོ་དབང་རྒྱལ་གྱིས་རལ་གྲི་གཅིག་ཕུལ་ནས་འདིའི་ཇོ་འཁོར་གྱི་སྲོག་ཤིང་བརྡུངས་བར་ཞུས་པས་གྲི་ཕྱག་ཏུ་བླངས་ནས་གྲི་ལ་མདུད་པ་བརྒྱབ་པས་དེ་ནས་བཟུང་ཁོང་གི་མཚན་ལ་ལྕགས་མདུད་ཤེས་རབ་རྒྱལ་མཚན་གསོལ། ཞེས་དང་། ཡང་བཤད་སྲོལ་གཞན་ཞིག་ལ། ཤེས་རབ་རྒྱལ་མཚན་གྱིས་ལོ་གསར་སྔོན་དུ་བཏང་ནས་ཀརྨ་པའི་གྲྭ་པ་རྒྱ་ནག་གོང་མའི་ཕོ་བྲང་དུ་ཕེབས་དགོས་བྱུང་བས། ཉག་རོང་ཕྱོགས་ཧོར་ཟླ་༡༡པའི་ཚེས་༡༣ལ་ལོ་གསར་གཏོང་བ་ད་ལྟའང་མ་ཉམས་པར་ཡོད་ལ། དེ་དུས་གོང་མའི་མདུན་གྲུབ་རྟགས་ཀྱིས་ལྕགས་མདུད་པ་བརྒྱག་པས་ལྕགས་མདུད་པ་ཞེས་དེ་ནས་ཐོགས་ཟེར། གང་ལྟར་ལྕགས་མདུད་ཀྱི་རུས་རྒྱུད་ལྷ་ལས་མཆེད་དེ་མ་ལྔ་བུ་དྲུག་ལས་གྱེས་པར་གྲགས།
༢ ཨ་འཛི་ཞེས་པ་ནི། གནས་ཡིག་རྙིང་པ་ལས། བྱང་ཨ་རྟ་རོང་གི་ཉེ་ཆར། ཏྲེ་ཤོད་ཉག་རོང་། དང་པོ་སྦས་ཡུལ་དུ་གནས་ཤིང་། བརྡ་རྟགས་ཨཱཿཡིག་གིས་ཁུངས་སུ་འཛིན་པས། སྦས་ཡུལ་ཉག་ཤོད་ཨཿའཛིན་རོང་ཞེས་པ་དེ་ལས། སྦས་ཡུལ་སྒོ་ཕྱེས་ཏེ་ཨཱཿཡིག་དེ་ཕྱེད་ཕྱེད་སྒོ་ནས་གནས་སྒོ་ཕྱེས་པས། ཡུལ་དེ་ལ་དང་པོ་ཨ་གསལ་དང་། རྗེས་ཨ་བསད་ཅེས་གྲགས་པ། ད་ལྟ་སྐད་ཟུར་ཆགས་ནས། ཨ་བསེ་ཞེས་པ་གང་། ཨ་འཛི་ཞེས་པའི་ས་ཆ་འདི་ཡིན་ལ། ལུང་པའི་ཕར་ཚུར་དུ་ཨ་ཡིག་ཕྱེད་ཕྱེད་དུ་གནས་པས་སོ་ཞེས་གྲགས། དེ་ལྟར་དེང་ཉག་རོང་རྫོང་ཁོངས་ཀྱི་ས་ཆ་ཕལ་ཆེར་ཉག་ཨ་འཛི་སྟོད་སྨད་དུ་གྲགས་སོ། །
མཇུག་བསྡུ་བ།
གནས་མཆོག་འདི་ནི་ཉག་རོང་རྫོང་དར་ཀེའམ་བརྡ་ཀིན་བརྡ་གེ་ཤང་རྨེ་ཁོག་གྲོང་སྡེ་སྟེ། ཉག་རོང་རྫོང་གི་བྱང་ཤར། དཀར་མཛེས་རྫོང་དང་འབྲེལ་མཚམས། ཉག་རོང་རྫོང་ནས་གནས་འདིའི་བར་དུ་སྤྱི་ལེ་༩༩ཡོད། གནས་འདིའི་རྩེ་མོ་མཁའ་ལ་བསྙེགས་ཤིང་སྲིག་པ་ཆགས་པའི་གངས་ལ་ཟུག་ཅིང་གཟི་མདངས་དུང་ལྟར་དཀར། རི་རྐེད་འཁྱགས་རོམ་སྔོན་མོ་གཡུ་ཡི་མདོག་འདྲའི་བདུད་རྩིའི་ཆུ་རྒྱུན་འབབ། རི་འདབས་ནགས་རི་བྲག་རི་སྤང་རི་དང་གཡའ་རི་ལྷུན་སྡུག་ཅིང་མཛེས། མཚོ་དང་རྫིང་བུ་དང་ཆུ་ཕྲན་སྣ་ཚོགས་འབབ་པའི་མཚམས་སུ་ནེའུ་གསེང་དང་ནགས་ཚལ་ཕུན་སུམ་ཚོགས་པས་ཁྱབ། རི་དྭགས་ཐམས་ཅད་བདེ་བར་ཕེབས་ཤིང་ཆོམ་རྐུན་དང་གཅན་གཟན་གྱི་འཚེ་བ་མེད་ཅིང་བག་ཕེབས་གནས། སྔ་འགྱུར་རྙིང་མའི་ཆོས་རྒྱུད་འཛིན་པ་གཟུར་ལྷ་འབུམ་དགོན་པ་རི་དེའི་མདུན་ཞོལ་དུ་ཆགས། དེ་ལྟ་བུའི་གནས་ཕུན་སུམ་ཚོགས་པ་འདི་ཉིད་དུ་ཕྱོགས་མཐའ་སོ་སོ་ནས་ཕེབས་པའི་སྐྱེ་བོ་དད་ལྡན་གྱི་ཚོགས་དང་དོན་མཐུན་ཚང་བ་ཐམས་ཅད་དངོས་སུ་རྒྱུ་ཞིང་དབང་པོའི་སྤྱོད་ཡུལ་དུ་གཟིགས་ཤིང་གསལ་བའོ། །
(《མི་རིགས།》ལས་བཤུས།)