སྡེབ་སྦྱོར་སྐོར་ལ་རགས་ཙམ་དཔྱད་པ།

ཧུའུ་ཆའོ་ཅིན། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།མི་རིགས། སྤེལ་དུས། 02-21



དང་པོ། རིག་གནས་སྤྱིའི་རྣམ་གཞག་མདོར་བསྡུས།

དེ་ཡང་འཁོར་འདས་ཀྱི་ཤེས་བྱའི་ཡུལ་ལ་མཐའ་མེད་པས། དེ་ཤེས་བྱེད་ཀྱི་སོ་སྐྱེའི་བློ་ཡིས་འདི་ཙམ་མོ་ཞེས་གྲངས་ངེས་པར་འཛིན་མི་ནུས་ཀྱང་། རང་རེ་གངས་ཅན་པ་རྣམས་འཕགས་ཡུལ་མཁས་པའི་རྗེས་སུ་འབྲངས་ནས། ཤེས་བྱ་རིག་པའི་གནས་བཅུ་ཞེས་ཡོངས་གྲགས་སུ་གྱུར་ཡོད་པ་རེད། དེ་ནི་ལོག་སྨྲ་ཚར་གཅོད་བྱེད་ཀྱི་སྒྲ་ཚད་དང་། སྐལ་ལྡན་རྗེས་སུ་འཛིན་པའི་བཟོ་གསོ། རང་ཉིད་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་བྱེད་ཀྱི་ནང་དོན་རིག་པ་བཅས་རིག་གནས་ཆེ་བ་ལྔ་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་རིག་གནས་ཆུང་བ་ལྔ་ལ་སློབ་གཉེར་བྱེད་སྲོལ་ཆགས་ཡོད། རིག་གནས་ཆེ་བ་ལྔའི་བྱེད་ལས་ནི་གོང་དུ་བརྗོད་པ་ལྟར་ཚར་གཅོད་རྗེས་འཛིན་དང་ཆོས་ཀུན་ཤེས་པར་བྱེད་པ་དེ་ཡིན་ལ། རིག་གནས་ཆུང་བ་ལྔ་ལས། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས་པ་དང་། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་གྲགས་ཤིང་དོན་ལ་དེ་བཞིན་གྲུབ་ཡོད་པ་རེད།

གཉིས་པ། འཕགས་ཡུལ་དུ་སྡེབ་སྦྱོར་དར་ཚུལ།

དེ་ལས་སྐབས་བབ་ཀྱི་བརྗོད་བྱ་རང་རེ་ཁ་བ་ཅན་ལ་དར་བའི་སྡེབ་སྦྱོར་རིག་པའི་གཞུང་ལུགས་དང་། འདི་བའི་འབྱུང་ཁུངས་རྒྱ་གར་གྱི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སྐོར་ལ་ས་བཅད་མ་སྟོང་ཙམ་ཞིག་ཞུ་ན་ནི། སྤྱིར་འཕགས་པའི་ཡུལ་དུ་ཚིགས་བཅད་རྩོམ་ལུས་ལ་མི་རྨོངས་པར་བྱེད་པའི་སྡེབ་སྦྱོར་ཞེས་པ་འདི་ཐོག་མར་དྲང་སྲོང་གྲོག་མཁར་བས་བརྩམས་པ་གྲགས། དེ་ནས་དྲང་སྲོང་དམར་སེར་གྱིས་སྡེབ་སྦྱོར་གྱི་མདོ་ཡི་རྩ་བ་དང་། དེ་ལ་རྒྱལ་བའི་ལྷས་ཚིགས་སུ་བཅད་པ་རྣམས་ཀྱི་དཔེར་བརྗོད་མཛད་དོ། །དེ་དག་གི་རྗེས་སུ་གཞན་དང་གཞན་གྱིས་ཐ་དད་པ་དུ་མ་སྦྱར་མོད་ཀྱི། སྐྱོན་དུ་མ་དང་ལྡན་པའི་ཕྱིར་སློབ་དཔོན་རིན་ཆེན་འབྱུང་གནས་ཀྱི་སྡེབ་སྦྱོར་ནི། མདོར་བསྡུས་ཚིགས་བཅད་གསལ་བ་དང་། །མདོ་ཡིས་དཔེར་བརྗོད་བགྱིས་པ་དང་། །མ་འདྲེས་རིམ་པས་འདོན་པ་དང་། །མཐར་སྡོད་ཚོགས་ཉིད་ཡོན་ཏན་ཡིན། །ཞེས་པ་ལྟར་དྲང་སྲོང་དམར་སེར་སོགས་ཀྱི་སྡེབ་སྦྱོར་གྱི་བསྟན་བཅོས་ལས་ཡོན་ཏན་བརྒྱད་ཀྱིས་ཁྱད་པར་དུ་འཕགས་ཤིང་། དེ་ལ་རྒྱལ་བའི་ལྷས་དཔེར་བརྗོད་མཛད་པར་གྲགས།

གསུམ་པ། སྡེབ་སྦྱོར་རིག་པའི་བརྗོད་བྱ།

དེ་ལྟ་བུའི་རྒྱ་གར་གྱི་ཚིགས་སུ་བཅད་པའི་སྙན་ངག་ལ་ཉེ་བར་མཁོ་ཞིང་ཡི་གེ་ལྕི་ཡང་སྡེབ་སྟེ་སྦྱོར་བར་བྱེད་ཚུལ་གྱི་སྡེབ་སྦྱོར་རིག་པ་ལ་དབྱེ་ན། འཕེལ་དང་བསྐྱེད་པའི་དབྱེ་བ་ཡིས། །ཚིགས་སུ་བཅད་པ་རྣམ་པ་གཉིས། །ཞེས་གསུངས་པ་ལྟར་སྡེབ་སྦྱོར་བྱེད་སྟངས་ཀྱིས་དབྱེ་ན་པྲཏི་སྟེ་སྦྱར་བའམ་རྒྱུད་འཕེལ་དང་ཛཱ་ཏི་སྟེ་རིགས་སམ་བསྐྱེད་པའི་དབྱེ་བའི་གཉིས་སོ།  དེ་ཡང་ཡི་གེ་བགྲང་བ་ལ་རྒྱུད་འཕེལ་ལམ་ཞུགས་པ་དང་སྦྱར་བ་ཞེས་བྱ་བ་དང་། ཕྱི་མོ་བགྲང་བ་ལ་བསྐྱེད་པ་དང་རིགས་ཞེས་བྱ་ལ། འདི་གཉིས་ནི་སྡེབ་སྦྱོར་གྱི་གཞུང་གི་བརྗོད་བྱའང་ཡིན་ནོ། 

སྐབས་འདིར་ཡི་གེ་བགྲང་བ་ནི་དབྱངས་བགྲང་བ་ཡིན་གྱི་གསལ་བྱེད་བགྲང་བ་ནི་མ་ཡིན་ཏེ། དབྱངས་བྲལ་གྱི་གསལ་བྱེད་ནི་བརྗོད་དུ་མེད་པའི་ཕྱིར་རོ། །དབྱངས་ཐུང་ངུ་ལ་ཕྱི་མོ་གཅིག་དང་། རིང་པོ་ལ་ཕྱི་མོ་གཉིས། ཤིན་ཏུ་རིང་པོ་ལ་ཕྱི་མོ་གསུམ་དུ་བགྲང་ཞིང་། རང་འགྲེལ་ལས། གསལ་བྱེད་རྣམས་ནི་སུམ་ཅུ་བདུན། །འདིར་ནི་དབྱངས་ཡིག་ཉི་ཤུ་གཉིས། །འདི་རྣམས་ཡི་གེ་ལྔ་བཅུ་དགུ །དབྱངས་ཀྱི་ཡི་གེ་བགྲང་བར་བྱ། །ཞེས་གསུངས་སོ།

ལེགས་སྦྱར་གྱི་རྗེས་སུ་འབྲངས་བའི་སྡེབ་སྦྱོར་མཁན་རྣམས་ཀྱིས། དབྱངས་ཐུང་ངུ་ལ་ཡང་བ་དང་ལ་ཞེས་བརྡ་བཏགས་ནས་པྲསྟ་ར་འབྲི་བ་ན། རི་མོ་དྲང་པོར་འབྲི་ཞིང་། རིང་པོ་དང་ཤིན་ཏུ་རིང་པོ་ནི་ལྕི་བ་ཡིན་ལ། སྡེབ་སྦྱོར་དུ་ག་ཞེས་བརྡར་འདོགས་པ་དང་། པྲསྟཱ་ར་འབྲི་བའི་ཚེ་རི་མོ་འཁྱོག་པོར་འབྲིའོ། 

འདི་དག་གི་ནང་གསེས་ཞིབ་མོ་མ་འདྲེས་པར་དཔེར་བརྗོད་ཀྱིས་གསལ་བར་བྱ་འདོད་ན་ལེགས་སྦྱར་གྱི་བརྡ་སྤྲོད་རིག་པ་ལ་བྱང་དགོས་ཀྱི་བོད་སྐད་ལ་ལེགས་སྦྱར་ཇི་བཞིན་མི་འོང་ཞེས་མཁས་པ་རྣམས་ཀྱིས་གསུངས་སོ། 

བཞི་བ། སྡེབ་སྦྱོར་བོད་དུ་དར་ཚུལ།

བོད་དུ་ཆོས་ལྡན་ཟ་ར་དང་ཡར་ཀླུང་གྲགས་པ་རྒྱལ་མཚན་སྤྱི་ལོ༡༡༤༧ནས༡༢༡༦གྱིས་རྩ་བ་རང་འགྲེལ་དང་བཅས་པ་བསྒྱུར་བ་ལ། ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ་སྤྱི་ལོ༡༣༠༣ནས་༡༣༨༠དང་། སླད་དུ་སྟག་ལུང་ལོ་ཙཱ་བ་ནམ་མཁའ་བཟང་པོ་སྤྱི་ལོ༡༣༣༣ནས༡༣༧༩གཉིས་ཀྱིས་འགྱུར་བཅོས་ལེགས་པར་མཛད་ཅིང་། སླར་ཡང་འགོས་ལོ་ཙཱ་བ་ཆེན་པོ་དྷརྨ་པ་ལ་བྷ་དྲས་སྤྱི་ལོ༡༣༩༢ནས་༡༤༨༡རྩ་བ་ལ་འགྱུར་བཅོས་མཛད།དེ་ནས་ཆེན་དྷརྨ་ཤྲིའམ་ངག་དབང་ཆོས་དཔལ་སྤྱི་ལོ༡༦༥༤ནས༡༧༡༨གྱིས་སྡེབ་སྦྱོར་རིན་ཆེན་འབྱུང་གནས་གྱི་འགྲེལ་བ་དོན་གསལ་མེ་ལོང་དང་། ཨ་མཆོག་སྤྲུལ་སྐུ་འཇལ་དཔལ་རྒྱ་མཚོས་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་འགྲེལ་བ་ཟླ་འོད་སྙེ་མ་བཀླགས་པས་དོན་ཐམས་ཅད་འགྲུབ་པ་སོགས་བོད་དུ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་འགྲེལ་བ་དུ་མ་ཞིག་བརྩམས་འདུག དེ་ཡང་རྗེ་ས་པཎ་༡༡༨༢ནས༡༢༥༡ཡན་ལ་སྐ་ཅོག་སོགས་སྡེབ་སྦྱོར་མཁྱེན་མཁན་ཡོད་དུ་སྲིད་ཀྱང་འཆད་ཉན་གྱི་སྲོལ་ལེགས་པོར་མ་དར་ལ། མཁས་རློམ་འགའ་རེས་སྡེབ་སྦྱོར་གྱི་གོ་དོན་ལོག་པར་འགྲེལ་བའི་འཆད་སྲོལ་ངན་པ་རྒྱུན་འབྱམས་སུ་འགྲོ་བར་དོགས་ནས། དེ་དག་གི་ལོག་རྟོག་འཇོམས་ཕྱིར་ས་པཎ་གྱིས་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ་མཛད་པ་ཡིན་འདུག་སྟེ། དེ་ལས། རང་རེའི་ཡུལ་དུ་ངོ་བོ་ཉིད་ཀྱི་སྡེབ་སྦྱོར་གྱི་ཐ་སྙད་མེད་པས། དོན་ཙམ་ཞིག་བསྒྱུར་བར་ནུས་ཀྱི་སྡེབ་སྦྱོར་བསྒྱུར་དུ་མི་རུང་ཞིང་།ལེགས་པར་སྦྱར་བའི་སྡེབ་སྦྱོར་བོད་ཀྱི་སྐད་ལ་མི་འབྱོར་བས། སྡེབ་སྦྱོར་མཚན་ཉིད་པ་བོད་སྐད་ལ་དཔེར་བརྗོད་མ་བྱས་སོ་ཞེས་དང་། དེས་ན་བོད་སྐད་ལ་སྡེབ་སྦྱོར་མཚན་ཉིད་པ་མི་རུང་ལ། འདི་ཅིའི་ཕྱིར་བཤད་ཅེ་ན། མཐའ་འཁོབ་འདི་ན་མི་མཁས་བཞིན་དུ་ཤེས་པར་ཁས་འཆེ་བ་དག་སྡེབ་སྦྱོར་གྱི་མིང་དང་མཚན་ཉིད་ཕྱིན་ཅི་ལོག་ཏུ་སྨྲ་བར་མཐོང་ནས། མ་འོངས་པ་ཡི་མཁས་པ་འགའ། །ལོག་པའི་ལམ་ལས་བསྐྱབ་ཕྱིར་བྱས། །གསུངས་སོ། 

ལྔ་བ། སྡེབ་སྦྱོར་རྩོམ་པའི་དགོས་པ།

ས་པཎ་གྱི་སྡེབ་སྦྱོར་མེ་ཏོག་ཆུན་པོ་ལས། རང་གིས་བརྗོད་པ་བདེ་ཞིང་། གཞན་གྱིས་རྟོགས་པར་སླ་ལ། གཉིས་ཀའི་རྣ་བར་སྙན་པ་ཞིག སྡེབ་སྦྱོར་གྱི་གཙུག་ལག་ཤེས་ན་འབྱུང་བས། དེ་མི་མཁས་པ་རྣམས་ལ་བསྟན་པའི་ཕྱིར་འདིར་བརྩམ་མོ། །གསུངས་སོ། 

དྲུག་པ། སྡེབ་སྦྱོར་དང་སྙན་ངག་གི་འབྲེལ་བ།

སྡེབ་སྦྱོར་རིག་པ་འདི་སྙན་ངག་གི་རྒྱ་མཚོ་ལ་ཞུགས་འདོད་རྣམས་ཀྱི་གྲུ་གཟིངས་ལྟ་བུ་ཡིན་ཞིང་། སྡེབ་ལེགས་ཚིག་གི་ཕྲེང་བ་ཡག་པོར་སྤེལ་ཤེས་ན་རང་བཞིན་གྱིས་སྙན་ངག་ཡག་པོ་འོང་ལ། ངལ་གསོ་དང་སྡེབ་སྦྱོར་ཉམས་པ་ནི་སྙན་ངག་གི་སྐྱོན་ཆེ་ཤོས་གཅིག་ལ་བརྩི་བ་རེད།

བདུན་པ། སྡེབ་སྦྱོར་དང་སྙན་ངག་གི་ཡི་གེ་ལྕི་ཡང་སྤེལ་སྟངས་ཀྱི་ཁྱད་པར།

སྤྱིར་ལེའུ་དང་པོ་ཐུན་མོང་མ་ཡིན་པའི་རྒྱན་ནི་ཡི་གེའི་འཇམ་རྩུབ་ཀྱི་མང་ཉུང་ལ་བརྟེན་ནས་སྦྱོར་བ་ལྕི་ཡང་གི་ཁྱད་པར་གྱིས་ཚིག་གི་སྦྱོར་ཚུལ་དང་། ཉམས་འདོན་ལུགས་ཕལ་ཆེར་མི་འདྲ་བའི་དབང་གིས་སོ་སོར་འབྱེད་པས་ཐུན་མོང་མ་ཡིན་པའི་རྒྱན་ཞེས་ཟེར་བ་རེད། སྙན་ངག་སྐབས་ཀྱི་ཡི་གེ་ལྕི་ཡང་ཟེར་བ་ནི་ངག་ནས་བརྗོད་པའི་སྐབས་སུ་སྲོག་གི་རླུང་ཤུགས་ཆུང་ངུར་འབྱིན་པས་ན་ཡི་གེ་འཇམ་པ་དང་། སྲོག་ཆུང་། ལྷོད་པ། མཉེན་པ།ཡི་གེ་མཆོག་ཅེས་བྱ་བ་དང་། དེ་ལས་གཞན་པའི་ཡི་གེ་རྣམས་ནི་བརྗོད་པའི་ཚེ་ན་སྲོག་གི་རླུང་ཤུགས་ཆེ་བར་འབྱིན་ཅིང་། བརྗོད་པ་གསལ་བ་དང་སྒྲ་རྩུབ་པས་སྲོག་ཆེན་དང་སྦྱོར་བ། རྩུབ་པ། ལྕི་བ་ཞེས་དབྱེ་བ་ཡིན་པ་རྟོགས་དགོས་ཀྱི་སྡེབ་སྦྱོར་སྐབས་ཀྱི་ཡི་གེ་ལྕི་ཡང་གི་པྲསྟཱ་ར་འགོད་ཚུལ་དང་མི་འདྲ་བས་ཕན་ཚུན་བསྲེ་བར་མི་བྱའོ་ཞེས་ཚངས་སྲས་བཞེད་པའི་སྒྲ་དབྱངས་ལས་གསུངས་སོ། 

སྡེབ་སྦྱོར་ནི་ཚིགས་བཅད་རྩོམ་ཡིག་འབྲི་སྟངས་ཀྱི་རིག་གཞུང་ཞིག་ཡིན་ལ། འདིའི་ཡི་གེ་ལྕི་ཡང་སྤེལ་སྟངས་དང་། སྙན་ངག་ལེའུ་དང་པོའི་ཡི་གེ་ལྕི་ཡང་སྤེལ་སྟངས་ཐ་དད་ཡིན་ལ། རྩོམ་ལུས་ཀྱི་ཆ་ནས་སྙན་ངག་ཚིགས་སུ་བཅད་པའི་སྡེབ་སྦྱོར་ལས་ཁྱབ་ཆེ་ཞིང་བཅད་ལྷུག་སྤེལ་མ་གསུམ་གྱི་བདག་ཉིད་ཅན་ཡིན་པ་རེད།

བརྒྱད་པ། རྒྱ་གར་གྱི་སྡེབ་སྦྱོར་འགྲོས་ཇི་བཞིན་བོད་སྐད་དུ་འཚམ་མིན་བཤད་པ།

ལེའུ་དང་པོའི་ཐུན་མོང་མ་ཡིན་པའི་རྒྱན་བཅུ་བོ་འདི་ཕལ་ཆེར་སྒྲའི་སྦྱོར་བ་ལྕི་ཡང་དང་ཡི་གེའི་འཇམ་རྩུབ་གཙོ་བོར་བྱས་ཏེ་འཕགས་ཡུལ་གྱི་འགྲོས་ལྟར་བཀོད་པ་ཡིན་པས། བོད་ཡིག་གི་ཚིག་སྦྱོར་ལ་ལེགས་སྦྱར་གྱི་གདངས་དང་ཡི་གེ་སྦྱོར་བ་ལྕི་ཡང་ཇི་ལྟ་བུ་བཞིན་འོང་དཀའ་ཡང་། བོད་ཡིག་གི་གསལ་བྱེད་སུམ་ཅུ་ལ་འཕགས་ཡུལ་གྱི་ཡི་གེ་སྲོག་ཆེ་ཆུང་གི་གདངས་ཀྱི་རྒྱས་བཀབ་ནས། བོད་སྐད་དུ་ཡང་སྔོན་བྱོན་མཁས་པ་རྣམས་ཀྱིས་དཔེར་བརྗོད་འགོད་སྲོལ་འདུག་ཀྱང་། ཐུན་མོང་གི་རྒྱན་ལྟར་གྲགས་མི་ཆེ་བས་འདིར་མ་བྲིས་ཞེས་ཚངས་སྲས་བཞེད་པའི་སྒྲ་དབྱངས་ལས་གསུངས་ཤིང་། དུང་དཀར་སྙན་འགྲེལ་ལས་ཀྱང་། སྐབས་འདིར་སྲོག་ཆེན་སྲོག་ཆུང་གི་བརྗོད་པའི་རླུང་ཤུགས་དང་སྒྲ་གདངས་ཆེ་ཆུང་གི་ཁྱད་པར་འབྱེད་སྟངས་སྙན་ངག་གི་གཞུང་ནས་བཤད་ཚུལ་དང་སུམ་རྟགས་ཀྱི་གཞུང་ནས་བཤད་ཚུལ་མི་འདྲ་བར་བརྟེན། ལྔ་བ་ཆེན་མོ་དང་། འབྲུག་སྤྲུལ་གྱི་སྙན་འགྲེལ་སོགས་སུ་སུམ་རྟགས་ཀྱི་གཞུང་ནས་བཤད་པ་ལྟར་ལེགས་ཞེས་གསུངས་ཀྱང་འཐད་པར་མ་མཐོང་གསུངས་འདུག

དགུ་བ། ཡི་གེའི་ལྕི་ཡང་སྤེལ་བའི་དགོས་པ།

དེ་ལྟར་སྡེབ་སྦྱོར་དང་སྙན་ངག་གི་གཞུང་རྣམས་སུ་ཡི་གེ་འཇམ་རྩུབ་ཀྱི་དབང་གིས་རྗོད་བྱེད་ཀྱི་ཚིག་གི་སྒྲའང་དམ་མཉེན་ཅི་རིགས་སུ་འགྱུར་བས་ན། དམ་པ་ལ་བརྗིད་པའི་ཉམས་གཙོ་བོ་འབྱུང་སྟབས་རྩོམ་གཤིས་ཅུང་ཟད་ཁ་དམ་ལ་བརྗིད་པས་ན། ཁྲོ་བ་དང་གཡུལ་འགྱེད་སོགས་ཀྱི་བརྗོད་བྱ་ལས་བརྩམས་ཏེ་རྩོམ་ཡིག་འབྲི་ཚེ་དྲག་ཤུལ་གྱི་ཉམས་དང་། སྒྲ་གདངས་རྩུབ་ལ་ཚིག་ཉམས་ལ་བརྗིད་ཆེ། མཉེན་པ་ལ་སྙན་པའི་ཉམས་གཙོ་བོ་འབྱུང་སྟབས་རྩོམ་གཤིས་ཁ་གསལ་ཞིང་སྙན་པས་ན། ཞི་བ་དང་དགའ་སྟོན་སོགས་ཀྱི་རྩོམ་ལ་སྒྲ་གདངས་འཇམ་ཞིང་ལྷོད་པ་ཤས་ཆེར་སྦྱར་ན་ཚིག་སྦྱོར་སྙན་པའི་ཉམས་ཀྱི་ཁྱད་ཆོས་ཐོན་འོང་བ་ཡིན་ནོ། 

བཅུ་བ། བོད་རང་གི་ཁྱད་ཆོས་དང་འཚམ་པའི་སྡེབ་སྦྱོར།

བོད་སྐད་ཀྱི་དབང་དུ་བྱས་པའི་སྡེབ་སྦྱོར་ནི། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་སྙན་འགྲེལ་ལས། རྒྱ་སྐད་ཚིགས་བཅས་རྩོམ་ཡིག་གི །འབྲི་ཚུལ་སྡེབ་སྦྱོར་གཞུང་དུ་གསལ། །བོད་སྐད་ཚིགས་བཅད་རྐང་པ་བཞིར། །ཚེག་བར་གྲངས་ནི་ཆ་མཉམ་ཞིང་། །ཚིག་རྐང་རེ་རེའི་ཚེག་བར་གྲངས། །ལྔ་ནས་སོ་གསུམ་བར་དུ་བཤད། །ཅེས་ཤོ་ལོ་ཀ་གཅིག་གི་ནང་ཡི་གེ་སྦྱོར་བ་བྱེད་ཚུལ་གྱིས་ཚེག་བར་ཆ་དང་ཡ་སྡེབ་སྟངས་རིགས་མི་འདྲ་བ་དུ་མ་ཞིག་འབྱུང་བ་དང་། ཚིག་རྐང་སོ་སོའི་ཚེག་བར་གྱི་གྲངས་མ་ཉམས་པ་ལ་བརྟེན་ནས་ཚིགས་བཅད་སྙན་ངག་གི་ཚེག་བར་སྡེབ་སྟངས་རང་རེའི་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པར་སྦྱོར་ཚུལ་སྟོན་པའི་རིག་གཞུང་ཤིག་ལ་ངོས་འཛིན་ཆོག་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1