ཞྭ་མོ།

བཀྲ་ཤིས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།མི་རིགས། སྤེལ་དུས། 02-21



གནམ་སྔོན་པོའི་འོག་གི་འགྲོ་བ་མིའི་རིགས་ལ་རང་རང་སོ་སོའི་མགོ་དང་འཕྲོད་མ་འཕྲོད་པའི་ཞྭ་མོ་རེ་ཡོད་པས་སེམས་ནང་སྒོམ་པ་ལས་ཁ་ནས་བཤད་མི་བདེ་བའི་ཞྭ་མོའི་རིག་བྱེད་ཅིག་གནམ་ནས་ཆར་པ་འབབ་འབབ་དང་ས་ནས་མྱུ་གུ་འབུས་འབུས་ལྟར་འཇིག་རྟེན་གྲུ་ཟུར་ཀུན་ནས་དར།

ཞྭ་མོའི་རིག་བྱེད་ལ་རྩ་བ་ཚུགས། གཞུང་རྟ་རྒྱས། ལོ་མ་བཏགས་པ་ནས་བཟུང་། ཞྭ་མོ་ལ་དབྱར་དགུན་སྟོན་དཔྱིད་ཀྱི་ཞྭ་མོ་དང་སེམས་ཅན་ལ་རབ་འབྲིང་ཐ་གསུམ་ཕྱེ་སྟེ་མི་སེར་རྣམས་རྒྱལ་པོའི་ཕོ་བྲང་དུ་འཛུལ་དུས། ཞྭ་མོ་རུམ་དུ་བརྫངས་ཏེ་རྭ་ཅོ་མེད་པའི་གུས་རྟགས་སྟོན་དགོས། མི་ཆེན་ཚོ་མི་སེར་གྱི་མདུན་དུ་ལངས་དུས་ཞྭ་མོ་གཙུག་ཏུ་བཀུར་ནས་མགོ་ལས་ཞྭ་མཐོ་བའི་དྲེགས་ཉམས་སྟོན་སྲིད།

མགོ་ལ་ཞྭ་མོ་སྤྲིན་ལྟར་འཁོར་དུས་ཀུན་གྱིས་གྱེན་ལྟ་བྱེད་པ་འཇིག་རྟེན་པའི་ལུགས་དང་མགོ་ལ་ཞྭ་མོ་གདུགས་ལྟར་ཕུབ་ན་ཚང་མས་ཐོད་པས་གཏུག་པ་ཆོས་ལུགས་པའི་སྲོལ་རེད།

ཞྭ་དཀར། ཞྭ་ནག ཞྭ་སེར། བླ་ཞྭ། དཔོན་ཞྭ། པཎ་ཞྭ།

ཞྭ་མོ་དཀར་སེར་དམར་ལྗང་གིས། འཇིག་རྟེན་ཁྲ་ཁྲ་རིག་རིག་བྱེད།

འཇིག་རྟེན་ཁྲ་ཁྲ་རིག་རིག་གིས། མི་སེམས་འཚབ་བུ་འཚུབ་བེར་བཏང་།

མགོ་བོ་ཆེ་ཡིས་ཞྭ་མོ་ཆུང་ཡང་བཙན་གྱིས་བསྒྲིམས་པས་གོམས་ལོབས་སུ་གྱུར་ཏེ་མགོ་ལ་ཁུ་ཚུར་བརྡེགས་ཀྱང་མི་ཚོར་མོད། ཞྭ་མོའི་དོན་དུ་མགོ་བོ་གཅུན་ན་རང་སྡུག་རང་ཉོ་རེད།

སྣ་བོ་ཆེ་ཡིས་ཞྭ་མོ་ཆེ་ཡང་ཐིག་གུས་རྣ་རྩར་བསྒྲོགས་པས་ཕྱོགས་བཞིའི་རླུང་ཡན་གྱིས་མ་ཁྱེར་ཙམ་དུ་ལུས་མོད། རྣ་བའི་སླད་དུ་ཞྭ་མོ་བསྲུང་ན་གཞན་དོན་ཁུར་དུ་བླངས་པའང་སྡུག་ཏུ་འགྱུར་བར་འདོད།

བུ་ཡིས་མགོ་ལ་སྐྲ་ཉག་གཅིག་ཀྱང་མེད་ནའང་དུས་བཞིར་ཞྭ་མོ་གཡར་ཏེ་མགོ་བོ་རུམ། བུ་མོས་ཞྭ་མོའི་དོན་དུ་སྐྲ་ཡི་ལན་བུ་རྒྱབ་ལ་འཕངས་ཏེ་གཞན་གྱི་ལག་ཏུ་སྤྲད།

དེ་ནི་སྨྲ་བསམ་བརྗོད་ལས་འདས་པའི་ཞྭ་མོའི་རིག་བྱེད་དེ། དཀྱིལ་ལ་དཀར་ནག་རུམ་ཡོད། མཐའ་ལ་གཡོ་སྒྱུས་ཤན་འདུག མདུན་ལ་བདེན་རྫུན་གྱི་ལྕེ་ཡོད། རྒྱབ་ལ་ཚུལ་འཆོས་ཀྱི་སྒྲོ་བཏགས།

ཀ་ཡིས་ཟེར་ན། ཁ་ཡིས་ཞྭ་མོ་གྱོན་པ་ནས་བཟུང་མགོ་བོ་བཀྱགས་མ་མྱོང་།

ཁ་ཡིས་བཤད་ན། ག་ཡིས་ཞྭ་མོ་གྱོན་པ་ནས་འགྲོ་འདུག་ལ་རང་དབང་བྲལ།

ག་ཡིས་བསམ་ན། ང་ཡིས་ཞྭ་མོ་ཉོས་པ་ནས་བོར་བརླག་གི་སེམས་སྡུག་ཆད་མ་མྱོང་།

ང་ཡིས་བལྟས་ན། ཀ་ཡིས་ཞྭ་མོ་གཡར་བ་ནས་ཀླད་རྩ་གཞན་གྱི་རྒྱུག་ར་ལ་གྱུར།

ཨ་མའི་བུ་མོས་མགོ་ལ་ཞྭ་གྱོན་པ་ནས་བཟུང་།

གངས་རི་མཐོན་པོར་ལྟ་མ་ཕོད།

ཨ་ཕའི་བུ་ཡིས་མགོ་ལ་ཞྭ་ཉོས་པ་ནས་བཟུང་།

ཕ་བསད་བུ་ལའང་བཤད་རྒྱུ་ཡོད།

གཏམ་རྒྱུད་དུ། མགོ་བདེ་མོས་ཞྭ་བརླག ཞྭ་འཕྲོད་མིན་མགོ་བོས་ཤེས།

འཚོ་བ་རུ། གྱོན་ཤེས་ན་ཞྭ་ཡིས་མགོ་ལུས་སྐྱོབ། གྱོན་མ་ཤེས་ཞྭ་ཡིས་མགོ་བོ་བརླག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1