ཁུ་བྱུག་སྔོན་མོ། [རྨ་ལྷོ]
ང་ལས་གྲོགས་འགའ་དང་མཉམ་དུ་རྩེ་བརྒྱད་གཞིས་ཁྱིམ་རྩེད་ཁང་དུ་སོང་། ལས་གྲོགས་ཚོས་ཆང་འཐུང་གིན་འཐུང་གིན་སྐད་ཆ་ཇེ་མང་དང་སྐད་མགོ་ཇེ་མཐོར་གྱུར། མཚམས་ཤིག་ནས་སྐད་སྦུག་འཕྲོག་རེས་བྱས་ཏེ་གླུ་ལེན་ཞིང་བྲོ་འཁྲབ། བོང་བུ་དང་ར་མ། ཁྭ་ཏ་སོགས་ཀྱི་སྐད་དང་འདྲ་བ་སྣ་ཚོགས་རེས་མོས་སུ་གྲགས་ཤིང་། ལན་རེར་དེང་རབས་ཀྱི་གླུའི་དབྱངས་རྟར་བསྟུན་ནས་ལག་པ་གཉིས་གནམ་ལ་ཀེར་ནས་མགོ་བོ་ཌ་རུ་ལྟར་གཡུག ཨོང་ཤ་ཕྱིར་བརྐྱངས་ཏེ་འཕང་ལོ་བཞིན་ཡུག་ཡུག་འགུལ། རྐང་བ་འོར་རྡུང※དང་འདྲ་བར་གནས་ངེས་མེད་དུ་བསྒྱུར། རེས་གསལ་རེས་མོག་གི་གློག་འོད་སྣ་ཚོགས་ཁྲོད་ནས་ངོ་གདོང་དཀར་པོ་དང་ནག་པོ། སེར་པོ། སྐྱ་བོ་སོགས་རེས་མོས་ཀྱིས་མངོན་འོངས། ངོ་གདོང་དེ་དག་ནི་མཚམས་རེར་རྒྱུས་ཡོད་ཅིག་དང་འདྲ་ལ། མཚམས་རེར་རྒྱུས་མེད་ཅིག་དང་ཡང་འདྲ། ངས་མི་དེ་དག་གི་ཁྲོད་ལ་ཞིབ་ཏུ་བལྟས་ཀྱང་རང་ཉིད་མཐོང་རྒྱུ་མ་བྱུང་།
ང་གང་དུ་སོང་ངམ། ངས་རང་ཉིད་བོར་སོང་ངམ།
ལམ་གྱ་གྱུ་ཞིག་དེད་ནས་ང་རང་ཉིད་འཚོལ་དུ་སོང་། ཡུད་ཙམ་སོང་རྗེས་སློབ་གྲྭ་ཞིག་ལ་སླེབས་བྱུང་། སློབ་གྲྭ་དེ་ཆེ་རྒྱུ་མེད་ལ་ཆུང་རྒྱུའང་མི་འདུག སློབ་གྲྭའི་ཁོར་ཡུག་ནི་ཐན་པ་བྱུང་བའི་ཞིང་ས་ཞིག་དང་འདྲ། སློབ་གྲྭ་དེ་གར་དགེ་རྒན་བརྒྱ་ལྷག་ཡོད། ཁོ་ཚོར་སློབ་ཁྲིད་ཀྱི་བྱ་བའི་དབང་གིས་ཁོམ་པ་ཅུང་ཙམ་ཡང་མི་འདུག ཁོ་ཚོས་སློབ་མ་རེ་རེ་ཚ་ཚ་དཔར་བ་བཞིན་ཡང་དཔར་བསྐྱར་དཔར་བྱེད་ཀྱིན་མཆི། ཁོ་ཚོས་སློབ་མ་ཚོའི་སྐར་མར་བལྟས་ནས་མཚམས་རེར་བྱ་དགའ་བྱ་དགའ་ཟེར་བཞིན་དགོད་ཅིང་། ལན་རེར་ཆད་པ་ཆད་པ་ཟེར་ཞོར་ངུ་བཞིན་ཏེ། དེ་དག་གི་ཁྲོད་དུའང་རང་ཉིད་གཏན་ནས་མི་འདུག
ང་མུ་མཐུད་དུ་རང་ཉིད་འཚོལ་དུ་ཕྱིན། ཉག་ག་ཞིག་གི་ཕར་ནང་ལ་སླེབས་སོང་། དེ་རུ་སྨན་ཁང་ཆེན་མོ་ཞིག་ཡོད་ལ། དེའི་ནང་དུ་ལྭ་བ་དཀར་པོ་གོན་པའི་སྨན་པའང་ཧ་ཅང་མང་། ཡ་མཚན་པའི་དེང་རབས་ཀྱི་ནད་བརྟག་འཕྲུལ་ཆས་ཆ་ཚང་ཞིང་།
ནད་བབ་དང་བསྟུན་ནས་བྱེ་བྲག་གི་ཚན་ཁག་ཀྱང་མིང་དུ་བཀར་ནས་ཡོད། བལྟས་ཚོད་ཀྱིས་ཁོ་ཚོས་དགེ་བའི་བྱ་བ་རླབས་པོ་ཆེ་ཞིག་སྒྲུབ་ཀྱིན་ཡོད་པ་འདྲ། ཡིན་ནའང་སྨན་ཁང་དུ་ནད་པ་ཚབས་ཆེན་ཇི་ལྟར་མང་བོ་ཡོང་ན་ཁོ་ཚོ་དེ་ལྟར་དགའ་ཞིང་། ནད་ལ་བརྟག་དུས་སྒོར་མོའི་གྲངས་ཀར་བལྟས་ནས་གདོང་ལ་འཛུམ་མདངས་འཁྱིལ། འཛེམ་དོགས་ཅི་ཡང་མེད་པར་ཤན་པས་ཟོག་བཤའ་བ་བཞིན་དུ་ནད་པ་ཡང་ལྕི་ཚང་མར་གཤག་བཅོས་གང་འདོད་དུ་བྱེད། ང་ཁོ་ཚོར་འཚིག་པ་ཟོས་ཤིང་ཞེན་པ་ལོག་བྱུང་། དེ་དག་གི་ཁྲོད་ན་ང་དང་རིག་འདྲ་ཞིག་ཀྱང་མི་འདུག
ཉག་ག་དེ་ནས་མར་བབས་ཏེ་ངས་སྔར་ལྟར་རང་ཉིད་བཙལ། ལུང་མདོར་སླེབས་མ་ཐག ངས་ལས་ཁུངས་ཤིག་མཐོང་བྱུང་། དེའི་མདུན་གྱི་དར་ཤིང་སྟེང་སྐར་ལྔའི་དར་དམར་ལྷབ་ལྷུབ་སྐྱོད་ཀྱིན་འདུག ཁང་རྩེག་གི་བཟོ་བཀོད་ནི་དངོས་གནས་ངོ་མཚར་ཞིང་རྔམ་བརྗིད་ལྡན་པ་ཞིག་རེད། ང་ལས་ཁུངས་དེ་གའི་མགོ་པ་གཙོ་གཞོན་རེ་རེའི་མདུན་དུ་སོང་། ཁོ་ཚོས་སྒམ་ཚུགས་ངང་ཁོག་སྟོད་ལྟག་པར་དགྱེ་ནས་མཚམས་རེར་སྤུས་ཀ་ཆེས་ལེགས་པའི་དུ་བ་སྔོ་ལོང་ལོང་འཐེན་བཞིན་གཞི་རིམ་གྱི་ལས་གཞིའི་རྣམ་གྲངས་ཀྱི་ཁེ་སྤོགས་ལ་ཁོག་རྩིས་རྒྱག་བཞིན་གདའ། གཞུང་སྒྲུབ་ཁང་དུ་ཡོང་བ་ཚོའི་དོན་དག་གི་ཐད་ནས་ཀྱང་། དེ་དག་གི་ཤ་མདོག་དང་སྐད་རིགས་མི་འདྲ་བར་བལྟས་ནས་སྐད་ཆའང་མི་གཅིག་པ་ཏག་ཏག་ལབ་འགྲོ། ཁོ་ཚོའི་བྱེད་སྟངས་དེ་དག་ནི་ངོ་མ་དགོད་བྲོ་ཞིང་སྐྱུག་མེར་བ་ཞིག་རེད། ཁོ་ཚོའི་ཁྲོད་ན་ངའི་གྲིབ་མ་ཙམ་ཡང་མི་འདུག
ང་མུ་མཐུད་དུ་རང་ཉིད་འཚོལ་དུ་སོང་། ཉིན་ལམ་ཧྲིལ་པོ་ཞིག་བརྒྱུད་མཐར། 《 རིག་གཞུང་ཞིབ་འཇུག་ཁང》ཞེས་བོད་རྒྱ་དབྱིན་གསུམ་གྱིས་བྲིས་པའི་སྒོ་བྱང་ཞིག་བཀལ་ཡོད་པའི་ཐོག་ཁང་ཞིག་གི་སྒོ་ཁར་སླེབས། ང་དེའི་ནང་དུ་ཡིད་ཆེས་དང་སྤྲོ་སྣང་གིས་ཁེངས་ནས་ཕྱིན། མཁས་པ་དང་ཞིབ་འཇུག་པ། ལོ་ཙཱ་པ་སོགས་ཀྱིས་རིག་གཞུང་ལ་ལྷན་པ་རྒྱག་བཞིན། ལོ་རྒྱུས་ལ་ཚྭ་ཁུ་འདེབས་བཞིན། ཐ་སྙད་ལ་རུལ་དྲི་བསྒོ་བཞིན་འདུག ཨ་ཙི། ང་ཁོ་ཚོའི་བྱེད་སྟངས་ལའང་ཡིད་ཆད་སོང་། ངས་ཁོ་ཚོའི་ཁྲོད་དུ་ཞིབ་ཏུ་ལྟ་བཞིན་དེ་ཚོའི་ནང་དུ་རང་ཉིད་མེད་ན་སྙམ། ལས་ཡག་པ་ཞིག་ལ་རང་ཉིད་ཁོ་ཚོའི་ཁྲོད་ནའང་གཏན་ནས་མི་འདུག
གནས་དེ་དང་བྲལ་ནས་ང་མུ་མཐུད་དུ་རང་ཉིད་འཚོལ་བར་ཕྱིན། གཞུང་ལམ་བསྐྱུར་ཏེ་ཐད་ཀར་ནགས་ཚལ་ཞིག་བརྒལ། ཅུང་ཙམ་སོང་རྗེས། ང་དགོན་པ་ཞིག་ཏུ་སླེབས། བསིལ་རླུང་འཇམ་པོ་ཞིག་གིས་ལྷ་ཁང་གི་གཡེར་དྲིལ་སིལ་སིལ་དཀྲོལ། ལྷ་བསང་གི་དྲི་མས་བར་སྣང་ཁྱབ་ཅིང་ཁོར་ཡུག་ཡོད་ཚད་ལྷིང་འཇགས་སེར་འདུག་པས། ཟང་ཟིང་དུ་གྱུར་པའི་ངའི་སེམས་པ་དེའི་མུར་བདེ་ལ་བབས་བྱུང་། དད་པ་དང་དག་སྣང་གིས་དྲངས་ཏེ་ང་འདུ་ཁང་ཆེན་མོའི་ནང་དུ་ཕྱིན། འདུ་ཁང་ཆེན་མོ་དེའི་སྦུག་ན་གསེར་ཁྲི་མཐོ་དམའ་མང་བོ་ཞིག་ཡོད་ལ། དེ་དག་རེ་རེའི་སྟེང་དུ་བླ་སྤྲུལ་ཆེ་ཆུང་མང་བོ་ཞིག་བཞུགས་འདུག་པར་མ་ཟད། དད་ལྡན་སེར་སྐྱ་མང་བོས་འདུ་ཁང་གི་ཕྱི་ནང་ཧྲིལ་པོར་ཁེངས་འདུག བླ་མ་ཞིག་གིས་མ་ཎིའི་དབང་གསུང་གིན་འདུག སྡིག་སྤོང་དགེ་སྒྲུབ་ཀྱི་སྐོར་གསུང་གིན་འདུག སྒོས་སུ་སྒོ་ཕྱུགས་བཙོང་མི་རུང་ལ་བཤའ་དེ་བས་ཀྱང་མི་རུང་བའི་གནས་ལུགས་གསུང་གིན་འདུག སྐབས་དེར་ངས་མང་ཚོགས་ཀྱིས་འཚོ་བ་ཇི་ལྟར་རོལ་དགོས་སམ་ཞེས་རང་གིས་རང་ལ་ཁེར་ལབ་ལྟ་བུའི་དྲི་བ་ཞིག་བཏོན། ངས་བླ་སྤྲུལ་རྒན་གཞོན་ཆེ་ཆུང་ཚང་མར་རེ་རེ་བཞིན་གསལ་བོར་བལྟས། དེ་དག་གི་ཁྲོད་ན་ངའི་བག་ཆགས་རྙིང་བ་ཞིག་ལས་ཅི་ཡང་མི་འདུག ངས་ཕྱག་མ་འཚལ་ལ་ཐོད་པའང་མ་གཏུགས་པར་ཁོ་ཚོ་དང་རྒྱང་དུ་བཀྱེད།
ངའི་སེམས་ཤུགས་མ་ཉམས་པར་མུ་མཐུད་ནས་རང་ཉིད་འཚོལ་དུ་ཕྱིན། སྔར་ལས་ཀྱང་གོམ་པ་མྱུར་དུ་སྤོས་ཏེ་བྲག་འགག་ཅིག་བརྒྱུད་དེ་མདུན་དུ་སོང་།
ཡུན་རིང་ཞིག་ལ་སོང་རྗེས། གནམ་རུབ་སྟེ་སྤྲིན་ནག་ལང་ལོང་དུ་འཁྲིགས་ཤིང་གློག་དམར་ལམ་ལམ་དུ་འཁྱུག འབྲུག་སྒྲ་ལྡིར་ལྡིར་དུ་གྲག་བཞིན་དྲག་ཆར་ཤག་ཤག་ཏུ་བབས། རླུང་ཁྲོད་ནས་དྲག་ཆར་དེ་ཡུན་རིང་ཞིག་ལ་མཚམས་མ་ཆད་པར་བབས། དེ་ལྟ་ནའང་། ང་མུ་མཐུད་དུ་འགྱེལ་མ་ལངས་ཀྱིས་མདུན་དུ་སོང་། ཇི་ལྟར་སོང་བ་དེ་ལྟར་དུ་སྨག་ཇེ་ནག་ནས་ཇེ་ནག་ཏུ་གྱུར། མུན་ནག་གི་ནང་ནས་ངས་རང་ཉིད་བཙལ་བཙལ་མཐར། གློ་རྡེག་ལ་ང་ནི་རང་ཉིད་ཀྱི་ཁང་བའི་སྒོ་ཁར་སླེབས་འདུག ང་ཁང་བའི་ནང་དུ་འཛུལ་ཏེ་ཡར་མར་ལ་བལྟས་པ་ན། མི་གཅིག་ཀྱང་མི་འདུག གྱང་ངོས་སུ་བཀལ་བའི་མེ་ལོང་དེའི་ནང་དུ། གཟུགས་རིང་ཞིང་ཤ་རྒྱགས་པ། གདོང་ན་སྨེ་བ་ཡོད་པའི་མི་ཞིག་ཤར་འདུག
ངས་མེ་ལོང་ནང་གི་མི་དེར་བལྟས་ནས་མཚམས་རེར་བགད་ཅིང་ལན་རེར་ངུས། མེ་ལོང་ནང་གི་མི་དེས་ཀྱང་ང་ལ་བལྟས་ནས་མཚམས་རེར་བགད་ཅིང་ལན་རེར་ངུས།
ངས་མེ་ལོང་ནང་གི་མི་དེར་བལྟས་ནས་ཁྱོད་དགོད་དོན་དང་ངུ་དོན་ཅི་ཡིན་ནམ་ཞེས་དྲིས་པ་ན། མེ་ལོང་ནང་གི་མི་དེས་ཀྱང་ང་ལ་བལྟས་ནས་ཁྱོད་དགོད་དོན་དང་ངུ་དོན་ཅི་ཡིན་ནམ་ཞེས་དྲིས་བྱུང་།
ང་སྐད་ཆ་དེར་འཚིག་པ་གཏིང་ནས་ཟོས་ཏེ་མེ་ལོང་གི་ངོས་སུ་ཁུ་ཚུར་གྱིས་གཞུས་པར། མེ་ལོང་དེ་མ་ཐག་ཧྲུག་ཆག་མང་བོར་གྱུར་ཅིང་། རང་ཉིད་ཀྱང་རང་བཞིན་མི་གཅིག་པ་མང་བོ་ཞིག་ཏུ་གྱུར་སོང་།
མཆན་འགྲེལ།
※ འོར་རྡུང་། སྤོ་ཐོ་རྡུང་བྱེད་ཀྱི་ལག་ཆ་ཞིག་གི་མིང་།
(《སྦྲང་ཆར།》ལས་བཤུས།)