(གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན།)སྤྱི་ཟླ་2པའི་ཚེས་20ཉིན། ཁམས་པའི་བརྙན་འཕྲིན་ཁང་གི་བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་ལོ་གསར་དགོང་ཚོགས་《དགའ་སྐྱིད་ལོ་གསར།》ཞེས་པའི་ཕབ་བསྐྲུན་ལས་ཀ་ལེགས་འགྲུབ་བྱུང་། སི་ཁྲོན་གྱི་དཀར་མཛེས་དང་རྔ་བ། བོད་ལྗོངས་ཀྱི་ཆབ་མདོ་དང་ལྷ་ས། ཡུན་ནན་བདེ་ཆེན། མཚོ་སྔོན་ཡུལ་ཤུལ་སོགས་ནས་ཐོན་པའི་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་པ་400ལྷག་གིས་བོད་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གླུ་དང་ཞབས་བྲོ་སོགས་འཁྲབ་སྟོན་བྱས། དེ་མིན་མིང་གྲགས་ཅན་གྱི་གླུ་པ་ཡ་ཏུང་དང་གླུ་མ་འཇམ་དབྱངས་སྒྲོལ་མ་སོགས་བོད་ཀྱི་གླུ་བ་གླུ་མ་རྣམས་ཀྱིས་སྙན་མོ་ངག་གི་འགྱུར་ཁུགས་ལམ་ནས་ལོ་གསར་ལ་བཀྲ་ཤིས་པའི་སྨོན་འདུན་ཞུས།