༄༅།། མཱ་ཡཱ་མི་རིགས།

སྐལ་བཟང་ཐུབ་བསྟན་གྱིས་བསྒྲིགས་བསྒྱུར་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-23


1.མཱ་ཡཱ་མི་རིགས།

        མཱ་ཡཱ་མི་རིགས་ནི་སྤྱི་ལོ་མ་བྱུང་གོང་གི་ལོ2000ནས་སྤྱི་ལོ250བར་དུ་བྱུང་བའི་དེང་གི་ལྷོ་ཨ་མི་རི་ཀའི་གླིང་ཆེན་ཐོག་གི་མི་རིགས་ཤིག་ཡིན་པ་བཞེད་པ་དང་། དུས་རབས16པའི་སྐབས་སུ་སི་ཕེན་གྱི་མི་རྣམས་ཀྱིས་མཱ་ཡཱ་ས་ཁུལ་ལ་དབང་མ་བསྒྱུར་བའི་སྔོན་དུ། གནའ་དུས་ཀྱི་མཱ་ཡཱ་དཔལ་ཡོན་དེ་ལྷོ་དབུས་ཨ་མི་རི་ཀའི་གླིང་ཆེན་གྱི་ཚ་ཁུལ་ཆར་ནགས་སུ་ཧ་ལམ་ལོ600ཡས་མས་ཀྱི་དར་རྒྱས་བྱུང་མྱོང་བའི་བཤད་སྲོལ་ཡོད་ལ། དཔལ་ཡོན་གྱི་ལག་རྩལ་ཆུ་ཚད་ནི་རྡོ་ཆས་དུས་རབས་སུ་གནས་ཤིང་གྲོང་ཁྱེར་སོ་སོར་རྒྱལ་པོ་རེས་སྲིད་འཛིན་གྱི་ཡོད་པ་རེད། མཱ་ཡཱ་མི་ཡིས་ལོ2000ལ་ཉེ་བའི་དུས་ཚོད་ཀྱི་ནང་དུ་འོད་སྟོང་འཕྲོས་པའི་མཱ་ཡཱའི་དཔལ་ཡོན་ཞིག་བསྐྲུན་ཡོད་པ་རེད། སྤྱི་ལོ800ཡས་མས་སུ་ཁོ་ཚོས་རྩེ་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་ཡོན་དེ་ལོགས་སུ་བསྐྱུར་ནས་གློ་བུར་དུ་གནས་སྤོ་ཆེན་པོ་ཞིག་བྱས་ཏེ་ས་གནས་དེ་ག་ནས་མེད་པར་སོང་བ་རེད། མེད་པར་སོང་བའི་རྒྱུ་མཚན་ནི་དུས་ད་ལྟའི་བར་གསང་བ་ཞིག་ཡིན་ལ་བཤད་སྲོལ་ཡང་མི་འདྲ་བ་ཁ་ཤས་མཆིས། འགའ་ཞིག་གིས་སྐམ་ཐན་བྱུང་ནས་བརླག་པ་དང་། ནགས་ཚལ་བཅད་དེ་ལྷག་མ་ལུས་པས་ཁོར་ཡུག་ཇེ་སྡུག་ཏུ་སོང་ནས་མེད་པ་སོང་བ་དང་། གདོད་མའི་ཞིང་ལས་ཀྱིས་འཚོ་བ་གཙོས་བྱེད་པའི་མཱ་ཡཱ་མི་རྣམས་ཀྱིས་ནགས་བཅད་དེ་ས་ཞིང་བཟོ་བ་དང་ལྷ་ཁང་མང་པོ་བསྐྲུན་པས་ཐོན་ཁུངས་ཟད་དེ་སྐྱེ་ཁམས་ལ་ཉམས་ཉེས་བྱུང་ནས་མི་རིགས་དེ་མེད་པ་སོང་བ་དང་། ཉི་མའི་འཁོར་ཡུན་རང་བཞིན་གྱི་བྱེད་འགུལ་ཇེ་ཆེར་སོང་ཞིང་ལོ208རེས་འཁོར་བྱས་ཚེ་ས་གནས་དེ་རུ་ཐན་སྐྱོན་རེ་བྱུང་བ་དང་ཆེས་ཚབས་ཆེ་བ་དེ་སྤྱི་ལོ750ནས་སྤྱི་ལོ850བར་བྱུང་བས་མི་རིགས་དེ་ཡང་ཉམས་ཉེས་སུ་སོང་བ་དང་། གོ་ལ་གཞན་པའི་མི་དང་མཉམ་དུ་སོང་བ་དང་། མེས་པོ་དང་རྒྱ་མཚོར་བྱིང་བ། ནང་འཁྲུག་བྱུང་བའི་རྐྱེན་སོགས་ཀྱི་བཤད་སྲོལ་སྣ་ཚོགས་ཡོད་པ་རེད། 
2.མཱ་ཡཱའི་ལོ་ཐོ།
        མི་རིགས་དེའི་རིག་གནས་དཔལ་ཡོན་གྱི་ལོ་རྒྱུས་ཁྲོད་དུ་གྲགས་ཆེ་བའི་ལོ་ཐོ་གསུམ་བྱུང་བའི་ནང་གི་གཅིག་རེད། མཱ་ཡཱ་མི་རིགས་དང་དེའི་རིག་གནས་དཔལ་ཡོན་གྱིས་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་དུ་གལ་འགངས་ཆེ་བའི་གོ་གནས་ཟིན་ཡོད་པས། ལོ་ཐོ་འདིའི་བསྟན་དོན་རྣམས་ང་ཚོས་སྣང་མེད་དུ་སྐྱུར་བཟོད་པ་ཞིག་མ་རེད། དེ་བས་མི་མང་པོ་ཞིག་གིས་འདིར་གོ་བ་འདྲ་མིན་ལེན་པ་དང་འགྲེལ་བཤད་ཀྱང་འདྲ་མིན་ཞིག་རྒྱག་གིན་ཡོད། ཁ་ཤས་ཀྱིས་མེ་རི་འབོར་ཆེན་འཐོར་ནས་གོ་ལ་འདི་འཇིག་པར་འགྱུར་བར་བཤད་པ་དང་།འགའ་ཞིག་གིས་ཆུ་ཀློང་ཆེན་པོ་འཁྲིགས་པ་ལ་བརྟེན་ནས་འཇིག་རྟེན་འདི་འཇིག་པར་འགྱུར་བར་བཤད་ཀྱིན་ཡོད། ཡང་ལ་ལས་གླིང་ཆེན་པོ་དག་རྡིབ་པར་འགྱུར་བའི་ས་འགུལ་གྱིས་འཇིག་པར་འགྱུར་བ་སོགས་མདོར་ན་ས་ཆུ་མེ་རླུང་འབྱུང་བ་འཁྲུགས་པ་ལས་སྣོད་ཀྱི་འཇིག་རྟེན་འདི་དུས་མཐར་བདས་པར་འདོད་པ་རེད།
        ཉེ་བའི་དུས་སུ་མི་རྣམས་ཀྱིས་མཱ་ཡཱ་ལོ་ཐོའི་བསྟན་དོན་ལ་དོ་སྣང་བྱུང་ཞིང་། མི་རིགས་ཤིག་གི་ལོ་རྒྱུས་ཁྲོད་ཀྱི་ལོ་ཐོ་རྙིང་པ་དེ་རྒྱལ་སྤྱིའི་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་པའི་རྗེས་དང་། 2012ལོ་ཞེས་པའི་ཚན་རྟོག་གློག་བརྙན་དེ་ཡང་ཁྲོམ་རར་སྤེལ་འགོ་ཚུགས་པ་ནས་བཟུང་མི་མང་པོ་ཞིག་གི་སེམས་ལ་རང་བཞིན་གྱིས་དོགས་པ་རྣམ་རྟོག་ཆེན་པོ་སྐྱེས་དང་སྐྱེ་བཞིན་པ་རེད། མི་ཁ་ཤས་ཀྱིས་མི་སེམས་དཀྲུགས་པའི་གནད་དོན་འདི་ལ་བརྟེན་ནས་དེབ་བྲིས་པ་དང་། གསར་འགྱུར་འགོད་པ། གཞན་ཡང་ཆ་འཕྲིན་གྱི་ཚོང་ལས་གཞན་གཉེར་ནས་སྒོར་མོ་མི་ཉུང་བ་ཞིག་བསགས་ཐུབ་པ་བྱུང་ཡོད། ཡིན་ན་ཡང་སེམས་པ་ཆུང་བའི་མི་མང་པོ་ཞིག་གིས་མི་ཚེའི་བྱ་གཞག་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས་འཆི་བའི་ལམ་དུ་ཞུགས་རྒྱུར་སྟ་གོན་བྱས་དང་བྱེད་བཞིན་པ་ཡང་ཡོད། དཔེར་ན་ཉེ་བའི་ལོ་ཤས་རིང་ལ་བོད་རིགས་ས་ཆ་འགའ་ཤས་སུའང་མི་མང་པོས་ཕ་གཞིས་རྒྱབ་ཏུ་བསྐྱུར་ནས་ཁྱིམ་གྱི་བུད་མེད་བཅས་ཁྲིད་ནས་ཕྱག་རིང་འཚལ་ཞོར་དུ་ནང་ཆོས་ཀྱི་ཞིང་ཁམས་ལྷ་སར་སོང་བས་མི་གྲངས300ལྷག་མཉམ་ཅིག་ཏུ་ཕྱག་རིང་འཚལ་བའི་བརྗིད་ཆགས་ཀྱི་རྣམ་པ་ཞིག་ང་ཚོའི་མཐོང་ལམ་དུ་བསྟན་པ་ལྟ་བུ་རེད། དོན་དངོས་སུ་མཱ་ཡཱ་ལོ་ཐོ་ཟེར་བ་དེ་དེ་འདྲའི་ཁུངས་དག་ཅིག་ཡིན་མིན་སུས་ཀྱང་ཁ་ཚོན་བཅད་དཀའ་མོ་རེད། མཱ་ཡཱ་ལོ་ཐོ་ནི་ལོ་འཁོར་རེར་ཉིན་གྲངས260ཡོད་པའི་རྫོལ་ཁིན་ཟེར་བའི་ལོ་ཐོ་དེ་དང་ལོ་འཁོར་རེར་ཉིན་གྲངས365ཡོད་པའི་ལོ་ཐོ་ཧའབ་ཅེས་ཟེར་བ་དེ་གཉིས་གུང་བསྒྲིགས་པ་ལས་བྱུང་བའི་སྐབས་དེའི་ལོ་ཐོ་གསར་པ་ཞིག་རེད། ལོ་ཐོ་འདི་དག་གི་རྩིས་ལ་བརྟེན་ནས་ཁོང་ཚོས་རང་བྱུང་ཁམས་ཀྱི་གནས་ཚུལ་མང་པོ་ཞིག་ལ་སྔོན་དཔག་ཇི་བཞིན་དུ་བྱས་ཡོད་པར་གྲགས། མཱ་ཡཱ་ལོ་ཐོས་སྔོན་དཔག་བྱས་པར་ལྟར་ན། སྤྱི་ལོ་2012ལོའི་ཟླ་བ12པའི་ཚེས21ཉིན་ལ་གཟའ་སྐར་རྣམས་ཀྱི་རྒྱུ་ཕྱོགས་ཤིག་གི་དབང་གིས་བར་སྣང་གི་གཟའ་སྐར་རེ་ཟུང་གཞུང་ཐིག་གཅིག་ཏུ་འཁེལ་ངེས་རེད། དེའི་གོ་དོན་ནི་དགུན་ཉི་ལྡོག་གི་དཀྱིལ་ཐིག་དང་། དགུ་ཚིགས་ཀྱི་དཀྱིལ་ཐིག་སོགས་དཀྱིལ་ཐིག་གཅིག་གི་ཐོག་ཏུ་འཁེལ་བཞིན་པ་དེ་རེད། གལ་སྲིད་འདི་ཉིད་དངོས་སུ་བྱུང་ན་ཅི་ཞིག་འབྱུང་བ་རེད་ཞེ་ན། དེའི་མཇུག་འབྲས་ནི་ང་ཚོའི་སའི་གོ་ལ་གནས་སའི་ཉི་མའི་ཁྱིམ་རྒྱུད་ནང་གི་གཟའ་སྐར་རྣམས་ཀྱི་ཕན་ཚུན་གྱི་འཐེན་ཤུགས་དོ་མི་མཉམ་པར་འགྱུར་བ་དང་། དེ་ལ་བརྟེན་ནས་འཐེན་ཤུགས་ཆེ་བས་འཐེན་ཤུགས་ཆུང་བ་རྣམས་དྲངས་ནས་གཟའ་སྐར་ཕན་ཚུན་དབར་ཡ་ང་བའི་གདོང་ཐུག་དྲག་པོ་ཐེབས་ངེས་པ་དང་། སྐབས་དེར་ཐོན་ན་སའི་གོ་ལ་འདི་དང་འདིའི་ཐོག་གི་སྐྱེ་ལྡན་གང་ཡང་འཚོ་གནས་བྱེད་ཐུབ་རྒྱུ་མ་རེད། འོན་ཀྱང་། ད་ལྟའི་གནམ་རིག་སྐར་དཔྱད་ཀྱི་ཚན་རིག་གྲུབ་དོན་ཁག་གིས་བསྟན་པ་ལྟར་ན། ཉི་མའི་ཁྱིམ་རྒྱུད་དང་། ང་ཚོའི་ཉི་མའི་ཁྱིམ་རྒྱུད་འདི་ཉིད་གཏོགས་པའི་དགུ་ཚིགས་ནང་གི་གཟའ་སྐར་དག་རང་རང་གི་འཁོར་ལམ་དུ་ཞི་བདེ་དང་གུ་ཡངས་པའི་སྒོ་ནས་འཁོར་བསྐྱོད་བྱེད་ཀྱིན་ཡོད་པ་མ་ཟད། ཉེ་བའི་དུས་གང་ཞིག་ཏུ་ཡང་འདི་ལྟའི་གོད་ཆགས་ཤིག་འབྱུང་རྒྱུའི་སྔོན་རྟགས་གང་ཡང་མེད་པ་རེད། འོན་ཀྱང་། གོ་ལ་རང་ཉིད་ཀྱི་སྟེང་དུ་འབྱུང་བཞིན་པའི་ས་འགུལ་དང་། མེ་རི། མཚོ་སྐྱོམས། རླུང་ནག་འཚུབ་མ་སོགས་རང་བྱུང་གི་གོད་ཆག་འདི་དག་ནི་འཇིག་རྟེན་འདི་ཉིད་ཆགས་པ་ནས་བཟུང་ཡོད་བསྡད་པ་ཞིག་ལས། དུས་རབས་འདིར་གསར་དུ་ཐོན་པ་ཞིག་གང་ཡང་མིན་པས་ཚང་མས་བློ་སེམས་རྣལ་དུ་ཕབ་ནས་རང་རང་གི་དགོས་ངེས་ཀྱི་འགན་འཁྲི་བསྒྲུབ་དགོས་པ་ལས་དོན་མེད་ཀྱི་གཏམ་འཆལ་ལ་ཡིད་ཆེས་བྱ་མི་རུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1