༄༅།། འགྲན་མེད་ཀྱི་དཔའ་བོ། །གེ་སར་གྱི་འཁྲུངས་ཡུལ། །

ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-23


ལེགས་བྱས་བསོད་ནམས་བྱེ་བའི་ལྷུན་པོ་དཔང་མཐོ་ཞིང་། །
ལེགས་མཛད་ཕྲིན་ལས་རྣམ་བཞིའི་གླིང་ཆེན་གླིང་གཡོགས་བཀོད། །
ལེགས་ལམ་བསྟན་འགྲོའི་རྒུད་མུན་སེལ་བའི་ཉི་ཟླ་དང་། །
ལེགས་མཛེས་ཁོར་ཡུག་དཔུང་ས་བཙན་འདི་ངོ་མཚར་རྨད། །
        ཞེས་པའི་ཚིགས་སུ་བཅད་པས་སྔོན་བསུས་ཏེ། །
        དེའང་སྡེ་དགེའི་ཁྲི་རབས་ཀྱི་ཐོག་མ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་སྔོན་གླིང་གི་ཆབ་འབངས་རྫོང་ཆེན་བཅོ་བརྒྱད་པོ་མངའ་འོག་ཏུ་བསྡུས་པ་སྟེ་སེང་ཆེན་ནོར་བུ་དགྲ་འདུལ་ནི་སྔོན་གླིང་ཚང་རྒྱལ་པོ་དང་ཕྱིས་སྡེ་དགེ་རྒྱལ་པོའི་མངའ་ཁོངས་ཨ་ཕྱུག་གི་ས་ཆ་ལ། ཕ་ཡབ་གླིང་སྡེའི་རྒྱལ་པོ་གསུམ་གྱི་ཡ་གྱལ་སེང་བློན་རྒྱལ་པོ་དང་། མ་ཡུམ་འགོག་བཟའ་ཀླུ་ཡི་བུ་མོ་རྨ་བྱ་མཛེས་ལྡན་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ས་སྟག་སྤྱི་ལོ་1038ལོ་ལ་སྐུ་འཁྲུངས། རབ་བྱུང་གཉིས་པའི་ས་ཕག་སྤྱི་ལོ་1119ལོར་སྐུ་ཡི་བཀོད་པ་བསྡུས། ཁོང་དགུང་ལོ་བཅུ་དྲུག་སོན་སྐབས། རྨ་ཁོག་རྡོ་རྗེའི་གདན་ལ་རྟ་རྒྱུག་རྒྱལ་ས་བཟུང་སྟེ་མཆོག་དམ་པ་རི་རབ་ཁ་ཡི་ཁྱུང་ཆེན། རྒྱ་མཚོའི་ནང་གི་ནོར་བུ། གླིང་སྡེ་ཀུན་གྱི་འགོ་འཛིན་མཛད། ཕ་ཟོག་ལས་སྐལ་བཅོ་བརྒྱད། གཏེར་ཟོག་ནོར་བུ་ཆ་བདུན་སོགས་དབང་དུ་བསྡུས་ནས། ཤར་མདོ་ཁམས་གླིང་དུ་རྫོང་ཆེན་བཅོ་བརྒྱད། རྫོང་ཆུང་ཞེ་བཞི། རྫོང་ཕྲན་ང་བཞི། རྫོང་འབྲིང་སོ་དགུ། གཡུལ་འགྱེད་གྲངས་མང་རྒྱལ་ཁ་བླངས།
 
སྡེ་དགེ་འགུ་ཟིའི་གླིང་གི་རྗེས་ཤུལ། 
        ཡུལ་གྱི་ཁྱད་ཆོས་ལ་ཨ་ཕྱུག་ཚོ་པའི་གནས་བསྡུས་བཤད་སྲོལ་ལས། ས་ཨ་ཕྱུག་རི་ཐང་མར་རྒྱན་འདྲ། །ཕྱུགས་འབྲི་མོ་ཡག་དོན་དེ་ནས་བྱུང་། །ཕྱུགས་རྟ་ནོར་འཕེལ་དོན་དེ་ནས་བྱུང་། །གླིང་གེ་སར་སྐྱེས་བུའི་དང་རྩེ་ཡིན། །ཕོ་སྐྱེས་གཟུགས་ལེགས་དོན་དེ་ནས་བྱུང་། །གསང་དགྲ་ལྷ་འཁོར་དོན་དེ་ནས་བྱུང་། །མ་འབྲུག་མོ་མོ་སྨན་དང་རྩེ་ཡིན། ཡུལ་བུད་མེད་མཛེས་དོན་དེ་ནས་བྱུང་། །སྨན་ལག་བཅུད་ཆེ་དོན་དེ་ནས་བྱུང་ཞེས་གྲགས་སོ། །
        གླིང་རྗེ་གེ་སར་རྒྱལ་པོའི་སྐྱེ་ཡུལ་འཁྲུངས་གླིང་མེ་ཏོག་ར་བ་ལས། འཁྲུངས་ཡུལ་གྱི་ཁྱད་ཆོས་སྐོར་ལ། ཇོ་རུའི་འཁྲུངས་ཡུལ་བཤད་དགོས་ན། །སྐྱིད་སོས་ཡག་གི་ཁ་མདོ་ལ། །ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། །བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། །སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། མདུན་རི་ཁྱུང་ཚང་གཉན་པོ་ཡོད། །རྒྱབ་རི་བྲག་སྔོན་གཡུ་རྩེ་ཡོད། །གཡས་རི་སྟག་མོ་རྔམ་འཁྲུག་ཡོད། །གཡོན་རི་མདུང་རྩེ་བྲག་དམར་ཡོད། །ཅེས་གསུངས་པ་བཞིན་སྒྲུང་ཡིག་དང་ད་ལྟའི་ས་མིང་། མི་རྣམས་ཀྱི་ངག་རྒྱུན་བཅས་ཚང་མ་དེ་བཞིན་ཆགས།

ཨ་ཕྱུག་རྩྭ་ཐང་གི་གེ་སར་ལྷ་ཁང་།    

        གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཨ་ཕྱུག་ལ་སྔོན་གླིང་ཚང་རྒྱལ་པོ་དབང་ཆེན་གཡུ་རྒྱལ་གྱིས་བོད་རབ་བྱུང་བརྒྱད་པའི་ལྕགས་ཁྱི་སྤྱི་ལོ་1490ལོ་ཡས་མས་སུ་དབང་བསྒྱུར་གནང་སྐབས་གེ་སར་རྒྱལ་པོའི་རྗེས་དྲན་ཁང་རྟེན་དང་བརྟེན་པ་བཅས་ད་ལྟའི་ཨ་ཕྱུག་གེ་སར་ལྷ་ཁང་ཞེས་པ་དེ་གསར་དུ་བཞེངས་ཏེ། གླིང་གེ་སར་རྒྱལ་པོའི་ཁྲབ་རྨོག་འཁོར་གསུམ་དང་ན་བཟའ། མདའ་གཞུ། གྲི། བ་སོའི་ཐམ་ག་བཅས་དང་། གླིང་གི་ཕུ་ནུ་དཔའ་རྟུལ་དང་མོ་སྨན་སོགས་ཀྱི་ཆས་རྫས་སྣ་ཚོགས་གྲངས་སྟོང་ཕྲག་ལས་བརྒལ་བ་ཡོད། གེ་སར་རྒྱལ་པོ་གཙོས་པའི་དཔའ་ཐུལ་སུམ་ཅུ་དང་། ཚ་ཞང་འདན་མ་གཙོས་པའི་ཁྲ་གླག་སྤྱང་གསུམ། རྒྱ་ཚྭ་ཞལ་དཀར་གཙོས་པའི་ཡང་ཐུལ་དམ་པའི་མི་བདུན། ལྷ་ཆེན་ཚངས་པ་དཀར་པོ་གཙོས་པའི་གླིང་ལྷ་བརྒྱད། སེང་ལྕམ་འབྲུག་མོ་གཙོས་པའི་གླིང་གི་མོ་སྨན་བརྒྱད། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་སོགས་རྟེན་བཞེངས་གནང་བས་མཐོང་ན་ཡིད་དབང་འཕྲོག་ལ་ཐོས་ན་རྣ་བར་དོན་དང་ལྡན་པའོ། །

སྡེ་དགེའི་ལྕགས་ར་དགོན་གྱི་གླིང་གི་དཔའ་རྟུལ་རྒྱ་ཆའི་མཁར་ཤུལ། 

        གླིང་རྗེ་གེ་སར་རྒྱལ་པོའི་གར་འཆམ་ནི་ཐོག་མར་སྡེ་དགེ་རྫོགས་ཆེན་བསམ་གཏན་ཆོས་འཁོར་གླིང་ནས་མཆོག་སྤྲུལ་རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་(1872—1933)མཛད་པ་ཡིན། ངག་རྒྱུན་དུ་ཁོང་ནི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་གཏེར་ཆེན་པོ་ལ་མངའ་དབང་དགོངས་པའི་ཀློང་བརྡོལ་བས། གདན་ཐོག་གཅིག་ཏུ་གྲུབ་བརྙེས་ཡིད་བཞིན་གྱི་རྒྱལ་བར་ཕེབས་པ་དང་། ནམ་མཁར་བྱ་ལྟར་འཕུར་བ། སྒྲུབ་དང་མཆོད་པའི་གཏོར་མ་འོད་དུ་ཞུས་ནས་བདུད་རྩིར་གྱུར་པ། ཉི་མ་སྟོད་ལ་མནན་ནས། ཉིན་མཚན་དབྱེར་མེད་བསྒྱུར་བ། བུམ་པ་བར་སྣང་དུ་བཞག་པ། བུམ་ཆུ་ཟད་མེད་དུ་བསྒྱུར་བ། ཞབས་རྗེས་རྡོ་ལ་བཞག་པ་སོགས་གྲུབ་རྟགས་ཀྱི་སྤྱོད་པ་ཀུན་གྱི་མཐོང་ཆར་དཔལ་རི་པདྨ་འོད་གླིང་དུ་རིག་འཛིན་འདུས་པའི་ཚོགས་གྲལ་ལ་ལེན་གྲངས་ཕེབས་པ་སོགས་དག་པའི་སྣང་བ་འབའ་ཞིག་འབྱམས་ཀླས་ཤིང་། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་དུ་མཁྱེན་པས་རྫོགས་ཆེན་དགོན་དུ་དེང་གི་དུས་ཀྱང་མ་ཉམས་གོང་འཕེལ་འགྲོ་བཞིན་པའི་གླིང་གི་དཔའ་རྟུལ་ཕུ་ནུ་སུམ་ཅུའི་འབག་འཆམ་འདི་ཡང་ཁོང་གི་དངོས་སྟོན་གྱི་སྣང་ངོར་ཇི་བཞིན་མཐོང་བ་ལྟར་འཛམ་གླིང་སེང་ཆེན་རྒྱལ་པོ། གླིང་གི་དཔའ་རྟུལ་ཕུ་ནུ། དགྲ་ལྷ་ཝེར་མའི་ཚོགས་བཅས་རིན་པོ་ཆེ་ཉིད་ནས་ཞལ་བཀོད་ལྟར་བཟོ་གྲུབ་ཅིང་། ཐོག་མར་གར་གྱི་འཆམ་དུ་བཟོས་ནས་རྫོགས་ཆེན་ཨོ་རྒྱན་རུ་དམ་གླིང་གི་ཁྲོམ་རའི་འཆམ་གྱི་གར་སྟེགས་སྟེང་དུ་འཁྲབ་གཞུང་གི་སྲོལ་བཏོད། དེ་ནས་དགོན་མ་ལག་དང་བཅས་པས་རིམ་བཞིན་འཆམ་པའི་སྲོལ་མདོ་དབུས་ཁམས་གསུམ། དེང་སང་ཕྱིའི་རྒྱལ་ཁབ་མང་པོའི་གྲོང་ཁྱེར་ཆེན་པོ་དང་བཅས་པ་ལ་ཁྱབ་པར་བརྡལ་བས། གང་གིས་མཇལ་བ་ཙམ་གྱིས་ཀྱང་དབང་པོ་མཆོག་གི་དོན་དང་ལྡན་པར་བྱེད་ཅིང་། གང་གིས་ཐོས་པ་ཙམ་གྱིས་ཀྱང་དད་འདོད་འདྲེན་འོས་པ་འདི་འདྲ་ལྟད་མོ་མིག་གི་རྒྱང་རིང་ནི་ཀུན་གྱིས་མཐོང་འོས་པའི་གནས་སུ་གྱུར་པའོ། །  
        2017ལོའི་《ཁ་བཏགས་དཀར་པོ།》དེབ་དང་པོ་ལས་བཤུས།       


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1