ཆོས་རྣམས་ཐམས་ཅད་ཡེ་ནས་རྣམ་དག་གདོད་མའི་མགོན་པོ་ཀུན་དུ་བཟང་།།
ལེགས་ཉེས་བླང་དོར་ཚུལ་བཞིན་སྟོན་པའི་མ་འདྲིས་རྩ་ལག་ཟས་གཙང་སྲས།།
བྱམས་དང་བརྩེ་བས་འགྲོ་བ་ཡོངས་ལ་མ་ལྟར་གཅེས་པ་སྤྱན་རས་གཟིགས།།
བློ་དང་རིག་པའི་སྒོ་འཕར་འབྱེད་མཁས་འཇམ་དབྱངས་སོགས་ལ་མགོས་ཕྱག་འཚལ།།
ས་ཡི་གོ་ལ་མི་ཡི་ཡིན་ནམ་འགྲོ་བ་མི་རྣམས་འདི་ཡི་ཡིན།།
སྲོག་ཆགས་ཆེ་ཕྲ་མི་ཡི་ཡིན་ནམ་མི་ཡང་སྲོག་ཆགས་ཁོངས་སུ་ཡིན།།
འཇིག་རྟེན་བདེ་བའི་མཐར་རྙེད་ཐུབ་བམ་མཐར་ཐུག་བདེ་བ་ཡོད་དམ་ཅི།།
མི་ཤེས་དྲི་བ་རྣམ་པ་དྲུག་གིས་ངག་གི་སྒོ་མོ་ཐོག་མར་འབྱེད།།
ཕྱི་སྣོད་ཡུལ་སྣང་མས་ནས་ཡར་ཆགས་འཇིག་རྟེན་ཁམས་འདི་སྟོང་བའི་ཤུལ།།
ཡིད་མཁའ་རྣམ་དག་འོག་གཞི་རླུང་གི་དཀྱིལ་འཁོར་ཆགས་པ་དེའི་སྟེང་དུ།།
སྤྲིན་གསེར་སྙིང་ནས་ཆར་ཆེན་བབ་པས་ཆུ་ཡི་དཀྱིལ་འཁོར་ཆགས་པ་ལ།།
རླུང་གིས་བསྲུབས་པས་གསེར་གྱི་ས་གཞིར་འགྲོ་བ་ཡས་ནས་མར་ལ་ཆགས།།
གདོད་མའི་མི་དེས་ཟས་སུ་ཤིང་ཏོག་གོས་སུ་ཤིང་ལོ་གྱོན་ཞིང་འགྲོ།།
ཆགས་སྡང་གཏུམ་པའི་བྱ་སྤྱོད་སྣ་ཚོགས་ད་ལྟའི་དུས་ཙམ་མི་དར་བས།།
སྲོག་ལྡན་ཕན་ཚུན་འཚེ་བ་ཉུང་ཞིང་རང་བྱུང་ཁམས་ཉིད་བརླག་མི་འགྱུར།།
སྣོད་བཅུད་འཇིག་རྟེན་ཡིད་འོང་ཙམ་ཞིག་ས་ལྒང་འདི་ཡི་དབང་དུ་བྱས།།
ཕྱི་རོལ་གླིང་ནས་བར་སྣང་སྟོང་བའི་ས་ལྒང་ཕྱོགས་སུ་བལྟས་ཙ་ན།།
མཁའ་དབྱིངས་ཆེན་པོ་ནག་ངམ་མེ་བར་ཆེ་ཆུང་སྐར་ཚོགས་བགྲང་ལས་འདས།།
གཡོ་དང་མི་གཡོའི་སྐར་ཁྱིམ་རྣམས་ཀྱི་འདུ་འཛིའི་ཁྲོད་ན་ཆུ་ཐིགས་བཞིན།།
སྔོ་རིལ་རིལ་གྱི་སྐར་མ་དེ་ནི་ང་ཚོའི་ཕ་ཁྱིམ་འཛམ་བུ་གླིང་།།
སྐར་ཁྱིམ་གཞན་ན་འཚོ་ཞིང་གནས་པའི་སྲོག་ལྡན་ཆེ་ཆུང་སྣ་ཚོགས་ཤིག།
ཡོད་པར་སྨྲ་བའི་གཏན་ཚིགས་རེ་འགའ་ཤེས་རབ་མིག་ལྡན་དག་ལས་རྙེད།།
ས་སྒང་འདི་ནི་ཕལ་བའི་མིག་གིས་མཐོང་དང་མི་མཐོང་བགྲང་ཡས་ཀྱི།།
སྲོག་ཆགས་སྤྱི་པའི་ཕ་ཡུལ་ཉིད་དུ་མངོན་སུམ་གྲུབ་པ་འདི་ག་ཉིད།།
དེ་ཡང་སེམས་ཅན་བསམ་མི་ཁྱབ་པ་སྐྱེས་པའི་ཡུལ་ནི་འདི་ཡིན་ལ།།
བར་དུ་དེ་དག་འཚོ་ཞིང་གནས་ཏེ་རྟེན་གཞི་འཛུགས་པའི་ས་ཡང་ཡིན།།
ཐ་ན་སྲོག་གིས་ཡོངས་སུ་བཏང་བའི་ཕུང་པོ་འདོར་སའི་གནས་དང་བཅས།།
མདོར་ན་འཛམ་བུ་གླིང་ཞེས་བྱ་བ་སྲོག་ཆགས་ཀུན་གྱི་ཕ་ཁྱིམ་ཡིན།།
འོན་ཀྱང་མི་འདི་རང་འདོད་ཆེ་བས་ཕྱི་སྣོད་ནང་བཅུད་ཐམས་ཅད་པོ།།
བདག་གིར་བྱེད་པའི་ཁྲིམས་རྣམས་བཅས་ཏེ་ལུགས་དང་མཐུན་པ་ཡིན་པར་སྒྲོག།
མཐུན་མིན་རིགས་ཀྱི་ཁྱད་པར་མེད་པར་གཉོམ་ཆུང་ཐུབ་ཚོད་བྱེད་པ་དང་།།
གཏོར་བཤིག་བརླག་གསུམ་ཚབས་ཆེན་བྱས་ཏེ་འདོད་པ་མི་ཚིམས་ཕྱི་མར་འགྲོ།།
འབྱོར་ཕྱུག་འཚོ་བའི་ལོངས་སྤྱོད་རྙེད་ན་མཐར་ཐུག་བདེ་བ་དེ་ཡིན་ཞེས།།
ལུས་དང་སེམས་ཀྱི་ནུས་ཤུགས་ཡོད་ཚད་དཔལ་འབྱོར་ཁོ་ནའི་ཁོལ་བོ་བྱེད།།
འོན་ཀྱང་དུས་རབས་ཉི་ཤུའི་སྨད་དུ་འཚོ་བའི་ལོངས་སྤྱོད་རྩེར་སོན་ཀྱང་།།
སེམས་ཀྱི་བདེ་བ་རྙེད་རྒྱུ་མེད་ཅེས་འབྱོར་ལྡན་རྣམས་ཀྱིས་ག་ཆད་སྨྲ།།
མི་འདི་སྲོག་ལྡན་ཆེ་ཆུང་ཀུན་ལས་ཧ་ཅང་ཕྱི་མའི་གྲས་ཡིན་ལ།།
བློ་དང་རིག་པའི་བཀོལ་ཐབས་མི་ཤེས་རང་གིས་རང་ཉིད་སྡུག་ལ་འཛུད།།
ཟས་གོས་ལོངས་སྤྱོད་འགྲིག་ཙམ་བྱུང་བར་དཀའ་ལས་ཆེན་པོ་ཆེར་མེད་ཀྱང་།།
ཚོར་བའི་རྒོད་པོ་གཡུང་ལ་མ་ཁུག་ས་ལྒང་མིག་ནས་མཆི་མ་བཞུར།།
འདོད་པའི་དབང་གིས་མི་ཡི་རིགས་ལ་རྒྱུ་འབྲས་ལ་སོགས་ཆེར་མེད་དེ།།
དབང་ཤུགས་ནོར་རྫས་འཕྲོག་རྩོད་བྱེད་པར་འཛམ་གླིང་འཁྲུག་ཆེན་དང་པོ་བྱུང།།
ལོ་བཞི་ཟླ་བ་གསུམ་གྱི་བར་དུ་རྒྱལ་ཁབ་སོ་གསུམ་གཡུལ་དུ་ཞུགས།།
མི་གྲངས་དུང་ཕྱིར་བཅོ་ལྔ་ཡན་ཆད་གཡུལ་ཆེན་རླུང་གིས་ལྷག་མེད་ཕྱགས།།
ངོ་ཚ་ཁྲེལ་མེད་མི་ཡི་རིགས་ཀྱིས་ཡང་བསྐྱར་གཡུལ་ཆེན་གཉིས་པ་བཤམས།།
རྒྱལ་ཁབ་ས་གནས་དྲུག་ཅུ་རྩ་གཅིག་སྔ་ཕྱིར་ཡུལ་དུ་ཞུགས་པ་དང་།།
ལོ་དྲུག་རིང་ལ་དམར་འཛིང་བྱས་ཏེ་མི་གྲངས་དུང་ཕྱུར་ཉི་ཤུ་ལ།།
གནོད་སྐྱོན་ཐེབས་ཤིང་ས་ལྒང་འདི་རུ་ཁྲག་དང་མཆི་མའི་རྒྱ་མཚོ་བསྐྱིལ།།
གཞན་ཡང་མི་རིང་དུས་ཀྱི་སྔོན་ལ་ཨ་ཧྥེ་རི་ཁའི་མི་ནག་རྣམས།།
ཡོ་རོབ་སོགས་ཀྱིས་བྲན་དུ་བཀོལ་ཏེ་སྒོ་ཕྱུགས་ཇི་བཞིན་མནར་གཅོད་བྱས།།
མི་ལོ་བཞི་བརྒྱའི་ཡུན་ཚད་ཙམ་ལ་ནག་བྲན་དུང་ཕྱིར་གཉིས་ཙམ་བསད།།
ད་དུང་ཁྲིམས་དང་རིགས་པ་སོགས་ཀྱི་རྒྱབ་རྟེན་ཡོད་པར་བྱས་ཞེས་ཐོས།།
ཕྱི་རོལ་དངོས་པའི་དབང་དུ་གྱུར་བའི་ཚུལ་མིན་གོང་གསལ་བྱ་གཞག་གི།།
རྗེས་འབྲས་ངན་པ་མངོན་དུ་བྱུང་བས་ད་ལྟའི་འཛམ་གླིང་སྤྱི་པའི་མིས།།
ཡིད་ཀྱི་ཤ་ཐང་རབ་ཏུ་ཆད་དེ་ཞི་བདེའི་འདུན་མར་རེ་ན་ཡང་།།
མི་ལས་གཞན་པའི་སྲོག་ཆགས་རྣམས་ལ་ཞི་བདེ་མི་འབོད་ཨ་ཙ་མ།།
སྲོག་ཆགས་གཞན་དག་གནས་འདིར་ཡོང་ནས་གནོད་པ་མེད་པར་ཕྱིར་ལ་འགྲོ།།
རིགས་མཐུན་བསད་དེ་ཟ་བ་ལ་སོགས་བྱ་ཐབས་བྲལ་ན་མ་གཏོགས་མེད།།
འོན་ཀྱང་མི་འདི་འདོད་རྔམས་ཆེ་བས་གང་བྱས་ཡིད་མི་ཚིམ་པར་འཆི།།
རིགས་མཐུན་ཕ་མ་བུ་ཕྲུག་ཡིན་ཡང་རོ་ལ་ཆགས་ཏེ་ཟ་བ་ཐོས།།
ལུས་དང་ལང་ཚོའི་དཔལ་དང་གཟི་མདངས་ཚེ་འདིའི་བདེ་བ་ཙམ་ལ་གཟད།།
རིན་བྲལ་སྲོག་གི་རིན་ཐང་རྣམས་ཀྱང་འཚོ་བའི་ལོངས་སྤྱོད་ཙམ་ལ་བརྗེས།།
བློ་དང་རིག་པའི་རྩལ་ལས་ཐོན་པའི་ཚན་རྩལ་ཤེས་བྱ་མ་ལུས་ཀྱང་།།
རང་གཞན་རླག་པའི་རྒྱུ་རུ་སྤྱོད་པ་སྲོག་ལྡན་ཀུན་ལས་ཐ་མའི་ཐ།།
བཟོ་གྲྭ་ཆེ་ཆུང་སྣ་ཚོགས་བསྐྲུན་ནས་རང་བྱུང་རླུང་ཁམས་བཙོག་པོར་བྱས།།
བེད་མེད་ཐོན་རྫས་སྙིགས་རོ་དག་གིས་གོ་ལའི་ས་རྒྱུ་ངན་པར་བཏང་།།
ཆུ་བེད་གློག་མཛོད་ཅི་རིགས་བཙུགས་ཏེ་ས་ཆེན་ནུས་པ་གཏིང་ནས་ཤོར།།
རྫས་འགྱུར་རྫས་ལུད་ཟས་སུ་བསྲེས་ཏེ་གཙང་མའི་ཁ་ཟས་མེད་པས་སྐྱོ།།
ཕྱི་རོལ་དངོས་པོས་བདེ་བའི་མཐར་ཐུག་འདི་ཞེས་བྱ་བ་མི་རྙེད་ན།།
ནང་སེམས་འདུལ་སྦྱོང་ཆོག་ཤེས་བག་ཡོད་འདི་ཕྱིར་བདེ་བའི་ཐབས་ལ་རེམས།།
སྲོག་ལྡན་ཕན་ཚུན་ཐུབ་ཚོད་མ་བྱེད་འཆམ་མཐུན་ལམ་ནས་མདུན་དུ་སྐྱོད།།
སྐྱེ་དངོས་ཁོར་ཡུག་ཕ་ཁྱིམ་དྲོན་མོ་ལོངས་སུ་སྤྱོད་ཤེས་ཡ་རབས་ཡིན།།
རང་བྱུང་འཇིག་པ་སྣེ་ཙམ་བྱུང་ཡང་ཚན་རྩལ་རིག་པ་སྟོང་གིས་ཀྱང་།།
སྒྲུན་པར་མི་ནུས་འཇིགས་སུ་རུང་བ་མངོན་སུམ་ལག་པས་ཟིན་པ་ན།།
ཁོར་སྲུང་བྱ་གཞག་སྣང་ཆུང་མ་མཛད་འདྲ་མཉམ་ཞི་བདེ་ལམ་ཆེན་དུ།།
གོམ་པའི་འདེགས་འཇོག་ལྷན་དུ་སྒྱུར་དང་ས་འབུ་མགོ་ནག་སྐུ་ཚེ་རིང་།།