བཞག་སྲས།
ལོ་སར་ནི་མི་རིགས་རིག་གནས་ཀྱི་སྒང་ནས་བལྟས་ན་གལ་འགངས་ཆེ་བའི་སྲོལ་རྒྱུན་རིག་གནས་ཤིག་ཏུ་གྲུབ་འདུག་སྟེ། མི་རིགས་གང་ཡང་ཐུན་མིན་གྱི་རོལ་སྟངས་རེ་རེ་ཡོད་པར་མ་ཟད། དེ་དང་འབྲེལ་ཡོད་ཀྱི་མཛད་སྒོ་དག་ལའང་མི་རིགས་དེའི་གཙོ་རྒྱུགས་རིག་གནས་དང་འབྲེལ་ཆེ་བའི་སྤྱོད་ཚུལ་ཐུན་མོང་མིན་པ་རེ་རེ་ཡོད་པས་སོ།། དེས་ན། ང་ཚོ་བོད་མི་རིགས་ནི་སྲོལ་རྒྱུན་རིག་གནས་ཀྱིས་ཕྱུག་པའི་མི་རིགས་ཆེན་པོ་ཞིག་ཡིན་སྟབས་ལོ་སར་ལའང་གཞན་དང་མི་མཚུངས་པའི་སྲོལ་ལུགས་ཡོད་པ་སྨྲོས་མ་དགོས། ལོ་སར་རོལ་ཞེས་པ་དེ་ལ་བདག་གིས་ནི་དུས་ནམ་ཡང་། ཟ་འཐུང་དང་དགའ་སྐྱིད་བྱ་བ་ཙམ་ལས་འདས་ཏེ། མི་རིགས་ཤིག་གི་སྲོལ་རྒྱུན་རིག་གནས་གང་ཞིག་མྱོང་རོལ་བྱ་བ་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། དེང་གི་དུས་འདིར་སྲོལ་རྒྱུན་གྱི་བྱེད་ལུགས་རྣམས་ནུབ་ཁའི་ཉི་ཟེར་བཞིན་དུ་མི་རིགས་གཞན་གྱི་ལོ་སར་རོལ་སྟངས་ཀྱི་གསེང་དུ་ཐིམ་འགྲོ་བ་དེ་ལ་སེམས་པ་གཏིང་ནས་སྨྲེང་སྟེ། རང་ཡུལ་ཁམས་མི་ཉག་ས་ཆའི་ལོ་སར་དང་ལོ་སར་དང་འབྲེལ་ཡོད་ཀྱི་ཡུལ་སྲོལ་སྐོར་ཞིག་བརྗེད་ཐོར་འགོད་པ་ལ།
གཅིག ལོ་སར་དངོས་ཀྱི་སྲོལ་རྒྱུན།
ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཡར་སྔོན་དུ་ཤུག་པ་དང་སུར་དཀར་སོགས་བསང་རྫས་རྣམས་གྲ་སྒྲིག་བྱེད། ཉེར་དགུའི་ཉིན་ཁང་ཁྱིམ་ལ་གད་བདར་དང་གཙང་སྦྲ་བྱེད། གོས་དང་སྣོད་རྣམས་བཀྲུ་བཤལ་གཙང་མ་བྱེད། ལྷག་པར་ཐབ་ཚང་གི་དུད་དྲེག་སོགས་གཙང་འཕྱག་བྱས་ཏེ་ལོ་གཅིག་གི་ནད་གདོན་བག་ཆགས་ཐམས་ཅད་དག་པར་མོས་ཏེ། ཁྱིམ་དུ་དགུ་རྟགས་ཞེས་ཤོག་བུའི་མེ་ཏོག་དང་ས་དཀར་སོགས་ཀྱི་གཡུང་དྲུང་དང་དཔལ་བེའུ་རྣམས་རྟགས་ཙམ་འབྲི། ནུབ་མོར་དགུ་ཐུག་ཅེས་འབྲི་རིགས་སོགས་སྣ་ཁ་དགུ་འཛོམས་པའི་ཐུག་པ་བསྐོལ་ཏེ་འཐུང་། གནམ་གང་ཉིན་ཁྱིམ་གང་བོར་མེ་ཏོག་དང་རི་མོ་ཅི་འབྱོར་གྱིས་བརྒྱན་ཏེ། མེ་ཏོག་ལ་འདབ་དྲུག་དང་འདབ་བརྒྱད། རི་མོའང་བཀྲ་ཤིས་རྟགས་བརྒྱད། ཚེ་རིང་རྣམ་དྲུག མཐུན་པ་སྤྲུན་བཞི། གཡུང་དྲུང་ལག་སྦྲེལ། རྒྱ་ནག་ལྕགས་རི་རྣམས་ཅི་འབྱོར་གང་ལེགས་བྱ། ཉིན་དེ་དུས་ཆེན་ཡིན་པས་ཕལ་ཆེ་བས་ཤ་མི་ཟ་ཞིང་བསྙུང་གནས་ཀྱི་སྡོམ་པ་ལེན། ལྷག་ཏུ་མཆོད་ཁྲིའི་ཁར་དཀོན་མཆོག་གསུམ་གྱི་རྟེན་འཛོམས་པར་བྱས་ཏེ། མདུན་ནས་མཆོད་ཡོན་དང་མེ་ཏོག བདུག་སྤོས། མར་མེ་རྣམས་ཅི་འབྱོར་གྱིས་མཆོད་པ་བཤམ། ཁྱིམ་མི་གང་བོས་སྲོག་མི་གཅོད་པ་སོགས་དགེ་བ་ཅི་འགྲུབ་ལ་འབད། ནུབ་མོར་བག་ཐུག་ཅིག་བསྐོལ་ཏེ་ཐོབ་རྒྱན་འཕེན། ཐོབ་རྒྱན་ལ་རྒྱུན་སྲོལ་གྱིས་འགྲེལ་ཚུལ་ཞིག་ཡོད་དེ། སུ་ལ་ཐོབ་རྒྱན་ནང་གི་ཚྭ་ཐོབ་ན་མི་དེ་གྲོགས་པོ་དང་མཐུན་མཁན་ཡིན་པ་དང་། སུ་ལ་ཐོབ་རྒྱན་ནང་གི་བལ་ཐོབ་ན་སེམས་བཟང་པོ་ཡིན། པོ་ཏི་ཐོབ་ན་ཤེས་རབ་ཅན་ཡིན། རྩྭ་ཐོབ་ན་ཁོག་པ་དོག་པོ་སེར་སྣ་ཅན་ཡིན། རི་བོང་ཐོབ་ན་བློ་རིག་ཅན་ཡིན་པ་སོགས་ཀྱིས་ཁྱིམ་མི་གང་བོས་ཁྱོད་ལ་ཅི་ཐོབ་དང་ང་ལ་གང་ཐོབ་ཀྱིས། བཟང་པོ་ཐོབ་ན་ང་རྒྱལ་དང་ངན་པ་ཐོབ་ན་འཕྱ་དགོད་བཅས་ཀྱིས་དགའ་དགའ་སྤྲོ་སྤྲོ་བྱ།
ཚེས་གཅིག་ནངས་མོའི་སྐར་མ་ལག་སོར་ཤར་བ་ནས་ཚེས་ཆུ་ལེན་དུ་འགྲོ་ཞིང་། ཚེས་ཆུ་དེ་ནི་ལྷ་མཆོག་ཨོ་རྒྱན་པདྨའི་ཁྲུས་ཆུ་དངོས་ཡིན་ཞེས། རྟག་པར་མཆོད་པ་དང་། ཁ་ལག་བཤལ་བ་སོགས་ཁྱིམ་མི་གང་བོར་ཐོབ་ཏུ་འཇུག གྲོ་སོ་ཕྱེ་མར་ལས་མཆོད་ཀྱི་འཕྲོར་རང་རང་ལ་ཉུང་ངུ་རེ་ཐོབ་ཏུ་འཇུག་ལ། དེ་ནི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྣེ་ལེན་དུ་བརྩི། ཉིན་དེ་ཙམ་མ་ཟད་ལོ་སར་གང་བོར་མགྲོན་པོ་གསར་བ་ལ་ཐོག་མར་གྲོ་སོ་ཕྱེ་མར་ཕུལ་ནས་མགྲོན་བསུའོ།། ཉི་མ་རི་རྩེར་ཤར་བ་ནས། ཤུག་པ་སོགས་ཀྱིས་བསང་གཏོང་ཞིང་དུང་འབུད། རླུང་རྟ་མཆོད་ཅིང་ཀི་བཏབ་སྟེ། ཡུལ་ལྷ་གཞི་བདག་སོགས་དཀར་ཕྱོགས་སྐྱོང་བ་རྣམས་ལ་བསང་མཆོད་འབུལ། དེ་ལ་ཁ་དཔེར། བོད་དུད་པས་ལོ་སར་དང་རྒྱ་ཤོག་བུས་ལོ་སར། ཞེས་གྲགས་ཡོད་པ་དེའོ།། ཁྱིམ་དུ་དཀོན་མཆོག་གི་རྟེན་གྱི་མདུན་སར་མཆོད་རྫས་ཅི་འབྱོར་འབུལ། ཁྱིམ་མི་གང་བོས་གོས་གསར་བ་གྱོན། སེམས་བཟང་པོར་འབད། ཀ་ར་དང་བུ་རམ་སོགས་བཟའ་བཏུང་ཕུན་སུམ་ཚོགས་པ་སྡེར་ལ་བསྒྲིགས་ཏེ་རོལ། ཉིན་དེར་མགྲོན་འབོད་པ་སོགས་མི་བྱེད་པར་རང་ཁྱིམ་གྱི་མི་རྣམས་འཛོམས་ཏེ་བསམ་པ་བཟང་པོས་དགེ་སྒྲུབ་བྱས་ན་ལོ་གཅིག་ལ་བསམ་པ་ཡིད་བཞིན་དུ་འགྲུབ་ཟེར། གཞན་ད་དུང་ཉིན་དེར། ཚེས་གོར་ཞེས་མི་རེ་རེ་ལ་གོར་བ་རེ་རེ་བཅའ་སྲོལ་ཡོད། གལ་ཏེ་ཁྱིམ་མི་སུ་ཞིག་སྐབས་དེར་ཁྱིམ་དུ་མ་ཐོན་པ་ཞིག་ནའང་ཚེས་གོར་གྱི་སྐལ་བ་མི་གཅོད། ཚེས་གོར་སྲེག་སྐབས་ཚིག་དང་མི་འཚིག་སོགས་ཀྱིས་ལོ་དེར་མི་དེ་ལ་བར་ཆད་ཡོད་མེད་དང་བསམ་དོན་འགྲུབ་མིན་སོགས་ཀྱང་བརྟག་སྲོལ་ཡོད། ཐབ་ཀའི་སྐལ་དུའང་གོར་བ་ཞིག་བཅས་ཏེ་དེ་ལ་ཐབ་ལྷའི་གོར་བ་ཞེས་འབོད། ཐབ་ལྷའི་གོར་བ་སྦོས་ནས་གས་ན་ཁྱིམ་ཚང་དེའི་ཐབ་ལྷ་དགའ་ནས་དགོད་བྱུང་ཞེས་རྟེན་འབྲེལ་ལེགས་པོར་བརྩི།
ཚེས་གཉིས་པ་ནས་ཁྱིམ་མཚེས་དང་གཉེན་ཉེ་རྣམས་མགྲོན་དུ་འབོད་པ་དང་ཐག་རིང་གི་ཉེ་བ་རྣམས་ལ་ལོ་སར་གྱི་སྐྱེས་ཁུར་ཏེ་འགྲོ། ལོ་སར་གྱི་ནང་དུ་དོམ་དང་བུ་ལོན་གྱི་རིགས་འདེད་སྲོལ་མེད་ཅིང་། ཕལ་ཆེ་བས་ཁྱིམ་དུ་ཨ་མཆོད་དྲངས་བ་དང་སྐུ་རིམ་བསྒྲུབས་པ་སོགས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་གཙོ་ཆེ་ཞིང་། རྒན་གཞོན་ཀུན་གྱིས་གོན་པ་གསར་བ་གྱོན་པ་ནས་སེམས་ཀྱང་ཅི་ནུས་གང་ཐུབ་ཀྱིས་ཡ་རབས་དང་བཟང་པོར་འབུངས། དེ་ལྟར་ཚེས་བཅོ་ལྔའི་བར་དུ་ལོ་སར་གྱི་སྟོན་མོར་རོལ་སྲོལ་ཡོད་ལ། དེའི་ནང་དུ་རྟ་རྒྱུག་དང་གླུ་ལེན་བྲོ་འཁྲབ་ཀྱི་སྐོར་སོགས་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་མི་ཉུང་བ་ཞིག་མངོན་པས། རགས་རྩིས་ཙམ་གྱིས་མུ་མཐུད་དུ་འགོད་པ་ལ།
གཉིས། རི་བསང་དང་རྟ་རྒྱུག་གི་སྲོལ་རྒྱུན།
གཞི་བདག་མཆོད་ཅིང་རྟ་རྒྱུག་གཤིབ་པ་ནི་ང་ཚོའི་ཡུལ་ཕྱོགས་སུ་སྔར་ནས་སྡེ་བ་སོ་སོའི་དུས་ཚོད་གཏན་ཁེལ་བ་རེ་བྱས་ཏེ། སྡེ་བ་སྤྱིའི་མཛད་སྒོ་ཁྱད་པར་བ་ཞིག་ཡིན། དེ་ལ་སྤྱི་མཐུན་གྱི་འདྲ་ས་ཞིག་ཡོད་པ་ནི། སྡེ་བ་སོ་སོའི་དུས་ཚོད་གཏན་ཁེལ་བྱས་པ་གང་ཡིན་པ་དེའི་ནངས་མོ་ཉི་ཟེར་རི་རྩེར་ཕོག་པ་ནས་སྐྱེས་པ་ཚང་མས་ཁ་ལག་བཀྲུ་བཤལ་གཙང་མ་བྱས་ཐོག གོན་པའང་ཅི་འབྱོར་གྱིས་སྤུས་ལེགས་གསར་བ་རེ་གྱོན་ནས། རྟ་ལ་སྒ་སྟན་སྲབ་མཐུར་རྣམས་ཆ་འཛོམས་ཤིང་རྒྱན་ལེགས་པས། སྡེ་བ་རང་གི་གཞི་བདག་དེའི་འགྲམ་དུ་སོང་ནས། ཤུག་པ་དང་སུར་དཀར་རྣམས་ཀྱིས་བསང་གཏོང་། དུང་འབུད། ཀི་འདེབས། རླུང་རྟ་མཆོད། གྲྭ་བཙུན་རྣམས་ཀྱིས་བསང་ཡིག་དང་གསོལ་ཀ་རྣམས་རྔ་དབྱངས་རོལ་མོ་བཅས་པས་འདོན། གཞི་བདག་གི་དར་ལྕོག་རྙིང་བ་རྣམས་བསྡུས་ཏེ་གསར་བ་འདོགས། གཞི་བདག་དང་བསང་ཁྲིར་སྐོར་བ་ཅི་འགྲུབ་བྱ། ཤེས་མཁན་རྣམས་ཀྱིས་བསང་ཡིག་རིང་ཐུང་གང་ཡང་ངག་ནས་སྒྲོགས། དེ་མི་ཤེས་མཁན་རྣམས་ཀྱིས་ཀྱང་ལྷ་བསོ་ལོ། ལྷ་རྒྱལ་ལོ། ཞེས་ཀི་ཀི་བསོ་བསོ་མང་པོས་གནམ་ས་གང་བ་ལྟར་བྱེད། དེ་ནི་ལོ་གཅིག་གི་ཁ་ལས་རླུང་རྟ་དར་བྱེད་དང་། བསོད་ནམས་དབང་ཐང་རྒྱས་བྱེད་ཀྱི་སྲོལ་ལུགས་བཟང་པོ་ཞིག་ཡིན།
ཉིན་གུང་ཙམ་ལ། རྟ་བྱང་མ་རྣམས་ཁྲིད་ཡོང་སྟེ། སྤང་དཀྱིལ་ཞིག་ཏུ་རྟ་རེ་རེ་ནས་རྟ་རྩིས་ལེན་བཞིན། གཏམ་མཁན་གྱིས་རྟ་རྒྱུག་སྐོར་གྱི་གཏམ་ཡང་བཤད། དེ་ནས་རྟ་ཡི་རྒྱུག་མགོ་ནངས་མོར་མཆོད་པའི་གཞི་བདག་དེ་ལ་གཏད་དེ་ཚང་མ་རྟ་མགོ་མཉམ་གཤིབ་ཀྱིས་རྒྱུག་གཤིབ་བོ། ། དེ་ཡང་རྟ་ཡི་བང་ཁ་གཤིབ་པ་ཙམ་མིན་པར། གཞི་བདག་གིས་བདག་པོ་སུའི་རྟ་ལེན་མིན་དང་། སུ་ལ་ལོ་དེར་དབང་ཐང་དར་མིན་སོགས་ལྟ་བར་བྱེད། རྟ་ཡི་དང་པོ་དང་གཉིས་པ་རྣམས་ལ་རིམ་བཞིན་གཟེངས་རྟགས་སྟེར། རྟིང་ལུས་ལའང་གཟེངས་རྟགས་དང་རྩམ་པ་མཆོད་དེ་ཚང་མ་དགོད་སྒྲས་ཁེངས་བར་བྱ།
ཅུང་ཙམ་ནས་རྟ་རྩེད་རོལ། རྟ་རྩེད་ནི་རྟ་ཡི་འགྲོས་གཤིབ་པ། རྟ་ཐོག་ནས་དར་ལེན་པ། རྟ་ཐོག་ནས་མདའ་འཕེན་པ། རྟ་ཐོག་ནས་རྡོ་འཕེན་པ་སོགས་རྟ་རྒྱུག་ཞོར་གྱི་ལུས་རྩལ་སྣ་ཚོགས་ཤིག་ཡིན་ཞིང་། རྟ་ཡི་གོང་ནས་འཚོ་བ་རོལ་བའི་མི་རིགས་ཤིག་གི་སྲོལ་རྒྱུན་རྩེད་མོ་ཞིག་ཀྱང་ཡིན་པ་རེད།
དེ་ནས་བྲོ་བ་རྣམས་ཀྱིས་བྲོ་འཁྲབ་པ་དང་། གླུ་བ་རྣམས་ཀྱིས་གླུ་ལེན་པ། གཏམ་པ་རྣམས་ཀྱིས་གཏམ་བཤད་པ་བཅས་ཀྱིས་སྡེ་བའི་ཕོ་མོ་ཡོངས་ཀྱིས་ཉིན་གང་བོར་རྩེད་མོ་སྣ་ཚོགས་རོལ། གྲྭ་བཙུན་རྣམས་ཀྱི་མགོ་མཇུག་ཚང་བའི་ཆོ་ག་བཀླགས་ཏེ་གཞི་བདག་མཆོད་པ་དང་། ཡུལ་ལྷ་བསྟོད་པ་རྣམས་མཛད་དེ། སྡེ་མི་ཚང་མ་མཉམ་འཛོམས་ཀྱི་སྤྲོ་སྐྱིད་དེ་ནི་སྤྲོ་སྐྱིད་ཙམ་མིན་པར། སྡེ་བའི་ལོ་གཅིག་གི་ནད་གདོན་བར་ཆད་ཐམས་ཅད་དག་བྱེད་དང་། རྐྱེན་ངན་གང་གིས་ཀྱང་མི་ཚུགས་པར་བྱེད་པའི་སྲུང་བ་ཡིན་པས་དེ་ལ་ཚང་མས་སྤྱི་སྲུང་ཞེས་འབོད། ལོ་སར་གྱི་སྐབས་སྤྱི་སྲུང་མིན་ནའང་རི་བསང་དང་རྟ་རྒྱུག་གི་བྱ་བ་ཡོད་པ་ཕལ་ཆེར་གཅིག་མཚུངས་ཡིན།
གསུམ། བཟའ་བཏུང་བསྟེན་པའི་སྲོལ་རྒྱུན།
བོད་རིགས་ནི་སྤྱིར་ཡོངས་ནས་སངས་རྒྱས་ཆོས་དད་ཞེན་ཆེ་བས་དགེ་སྡིག་སྤང་བླང་གི་འབྲེལ་བ་དང་དེ་མིན་གོམས་གཤིས་ཀྱི་ཐོག་ནས་བྱུང་བའི་རྒྱུན་ལྡན་འཛེམ་སྤང་དགོས་པའི་གནས་ཤིན་ཏུ་མང་སྟབས་འདིར་བཟའ་བཏུང་གི་སྐོར་ནས་ཕྱོགས་ཙམ་གླེང་ན།གླང་པོའི་ཆེའི་ཤ། མི་ཤ། རྟ་ཤ། ཁྱི་ཤ། རྨ་བྱའི་ཤ་བཅས་པའི་ཤ་ཆེན་ལྔ་ནི་གསང་སྔགས་ཀྱི་སྐབས་སུ་དམིགས་བསལ་བ་འགའ་མ་གཏོགས་སྤྱིར་ནས་བཟའ་མི་རུང་བ་ཞིག་རེད། དེ་དག་བཟའ་མི་རུང་བའི་རྒྱུ་མཚན་ནི། སེམས་ཅན་དེ་ཚོའི་ལུས་ཐོག་ཏུ་འགྲོ་བ་མིའི་ལུས་ཁམས་དང་ཤེས་རིག་འཕེལ་རྒྱས་ལ་གནོད་པའི་སྲོག་ལྡན་འབུ་ཕྲ་གཞན་དག་མང་པོ་གནས་ཡོད་པས་སྨན་རིགས་ཀྱི་ནུས་པ་འཇོམས་པ་དང་། ཤ་དེ་དག་ནི་བཙོག་པ་གྲིབ་ཅན་ཡིན་པས། འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ཡར་རྒྱས་ལ་གནོད་པར་བརྩི་གིན་ཡོད། དེ་བཞིན་སྒོ་ཕྱུགས་ཀྱི་ནང་དུའང་ཡས་སོ་མས་སོ་གཉིས་ཀ་ཡོད་ལ། རྨིག་པ་ཁ་ཟླུམ་ཅན་གྱི་སྒོ་ཕྱུགས། དཔེར་ན་རྟ་དྲེལ་བོང་བུ་ལྟ་བུ་དང་། གཅན་གཟན་སྡེར་མོ་ཅན་དཔེར་ན། སྟག་གཟིག་དོམ་དྲེད་སྤྱང་ཀི་ལ་སོགས་ཀྱི་ཤ་རྣམས་བཟའ་སྲོལ་མེད་པ་རེད། འདབ་ཆགས་ཀྱི་རིགས་ལའང་བྱེའུ་དང་ཕུག་རོན་སོགས་དང་། བྱི་ལ་སོགས་སྡེར་མོ་ཅན་གྱི་ཤ་མི་བཟའ་བ་དང་། གཤེར་གནས་སྲོག་ཆགས་ཀྱི་ནང་ནས་སྦལ་བ་དང་། རུས་སྦལ། སྡིག་སྲིན་སོགས་ཀྱི་ཤ་བཟའ་སྲོལ་མེད།
འབྲི་གཡག་ར་ལུག་སོགས་ཀྱི་ཤ་བཟའ་སྲོལ་ཡོད་ནའང་སེམས་ཅན་འབྲི་གཡག་སོགས་དེ་རིང་བསད་པའི་ཤ་ནི་ཉིན་ཤ་ཡིན་པས་ཤ་དེ་དག་ལ་དམིགས་ནས་འོད་དཔག་མེད་པའི་མཚན་དང་མ་ཎི་འདོན་པ་ལས་མི་བཟའ་བའི་སྲོལ་ཀྱང་ཡོད་པ་རེད། གཞན་ཡང་མི་མང་ཆེ་བས། དུས་ཆེན་རྣམས་སུ་རུས་ཚིག་ཤ་ཁྲག་སོགས་དང་མ་འདྲེས་པའི་བཟའ་བཏུང་གཙང་མ་ཁོ་ན་སྤྱོད་ཀྱི་ཡོད་པ་དང་། ལ་ལས་དུས་ཆེན་རྣམས་སུ་ཤ་ཟ་དུས་གོང་ལྟར་མ་ཎི་འདོན་པ་དང་དགེ་བསྔོ་ཅི་ནུས་བྱ་བཞིན་ཡོད་པའང་རེད། བཟའ་བཏུང་རོལ་བའི་སྣོད་ལའང་དུས་ཆེན་དང་། རྟེན་འབྲེལ་མཛད་སྒོ། སྐུ་མགྲོན་བཅར་བའི་དུས་བཅས་སུ་དཀར་ཡོལ་ཁ་ཆག་དང་སེར་ཁ་གས་པའི་རིགས་བེད་སྤྱོད་བཏང་ན་བཀྲ་མི་ཤིས་པའི་རྟགས་སུ་བརྩིས་ཏེ་བེད་སྤྱོད་གཏོང་སྲོལ་མེད་པ་རེད། དེས་ན་ལོ་སར་གྱི་སྐབས་སུའང་མི་རིགས་རང་གི་འཛེམ་བྱ་དེ་དག་བེད་སྤྱོད་བྱ་ཞིང་། ལྷག་ཏུ་དེང་གི་དུས་འདིར་མང་ཤོས་ཀྱིས་དཀར་ཟས་ལ་འབུངས་ཅི་ཐུབ་བརྩོན་བཞིན་ཡོད་དོ།།
(ཁམས་པའི་དྲ་བའི་འཕྲིན་སྟེགས་ལས་བཤུས།)