༄༅།། དཀྱིལ་འཁོར་གྱི་རྣམ་བཤད།
དབང་ཆེན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-28
ན་མོ་གུ་རུ་བཛྲ་དྷ་ར་ཡཱ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུས་བདག །འཁོར་ལོའི་མགོན་པོ་སྲིད་པའི་རྣམ་རོལ་བ། །འདྲེན་མཆོག་འགྲོ་བའི་ལམ་བཟང་སྣང་མཛད་པ། །ཧེ་རུ་ཀ་པ་ཀརྨ་བཛྲ་རྒྱལ། །རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་སྟོང་ཆེན་མཁར། །ཡེ་ཤེས་ལྔ་ལྡན་སྐུ་གསུམ་ལྷུན་གྲུབ་ཀྱིས། །ཐུགས་རྗེ་ཀུན་སྙོམས་འགྲོ་བློའི་མུན་སེལ་བའི། །སངས་རྒྱས་ཉི་མ་དེ་ལ་དུས་ཀུན་དད། །གང་གི་མཁྱེན་བརྩེའི་ཡེ་ཤེས་དཀྱིལ་འཁོར་ནི། །སྲིད་ཞིའི་ཕུན་ཚོགས་ཕན་བདེའི་དཔལ་འབར་བའི། །རྣམ་དཀར་ཕྲིན་ལས་སྟོང་གི་གཟི་བྱིན་གྱིས། །གདུལ་བྱའི་བློ་གྲོས་སྐྱེད་ཚལ་རྒྱས་པར་གྱུར། ཞེས་མཆོད་པར་བརྗོད་པ་སྔོན་དུ་སོང་ནས་དེ་ལ་འདིར་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་ཡོངས་སུ་བསྡུས་པའི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དགོངས་པ་དཀྱིལ་འཁོར་བཞེངས་པ་ལ་སྒྲ་དོན་དང་། དབྱེ་བ། འཇུག་ཚུལ་གསུམ་ལས། དང་པོ། མནྜལ་ཞེས་པའི་སྒྲ་ལས་ཐུན་མོངས་ལྟར་སྒྲ་འབྲེལ་མར་ཐད་ཀར་བསྒྱུར་ན་ཀུན་ནས་ཟླུམ་ཞིང་ཡོངས་སུ་བསྐོར་བའི་དོན་ལ་འཇུག་པས་དཀྱིལ་འཁོར་ཞེས་བྱ་སྟེ། གང་གཙོ་བོ་རང་གིས་ལྷག་པའི་ལྷ་དེ་ཉིད་ལ་འཁོར་རྒྱལ་བ་ཞི་ཁྲོའི་རིགས་ལྔ་དང་ཉན་རང་བྱང་སེམས་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བའི་ལྷ་ཚོགས་ཕོ་བྲང་དང་བཅས་ཡོན་ཏན་ཀུན་གྱི་གཞི་འཛིན་པ་ཡོངས་སུ་དག་པའི་བརྟེན་དང་བརྟེན་པའི་བདག་ཉིད་དུ་སྣང་བ་གང་ཡིན་པ་དེ་ཉིད་ལ་འཇུག་གོ །ཐུན་མོངས་མིན་པའི་དབང་དུ་བྱས་ན་མནྜལ་ནི་སྙིང་པོའམ་བཅུད་ལ་འཇུག་ཅིང་། ལ་ལེན་པའམ་འཛིན་པའི་དོན་ལ་འཇུག་པས་སྙིང་པོ་མཆོག་ཐུན་གྱི་དངོས་གྲུབ་གང་ཞིག་ལས་ཅན་སྐལ་ལྡན་གྱི་སྐྱེས་བུ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོའི་ལམ་གྱི་སྒོར་ཞུགས་ནས་དངོས་གྲུབ་དེ་དག་རང་རྒྱུད་ལ་ལེན་ནས་ཡོན་ཏན་ཀུན་གྱི་གཞི་འཛིན་པའི་དོན་ལ་འཇུག་པའོ། །གཉིས་པ་དེ་ལ་དབྱེ་ན་གཞི་ལམ་འབྲས་བུའི་དཀྱིལ་འཁོར་གསུམ་ལས། དང་པོ་གཞི་རང་བཞིན་གྱི་དཀྱིལ་འཁོར་ནི། སྣོད་བཅུད་རྟེན་དང་བརྟེན་པར་བཅས་དཀྱིལ་འཁོར་གྱི་རང་བཞིན་ལས་ལྷ་ཡེ་ནས་གནས་པ་ཡིན་ལ། དེ་ནས་ནང་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོར་གདན་གསུམ་ལྷ་ཡི་དཀྱིལ་འཁོར་ལས་མ་གཡོས་བཞིན་རྟེན་འབྲེལ་ལས་ཀྱིས་སྣང་བར་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་ཡེ་ནས་དག་པའི་དཀྱིལ་འཁོར་གྱི་ངོ་བོ་རུ་གནས་པ་ཡིན་ནོ། །གཉིས་པ་ལམ་སྒོམ་པའི་དཀྱིལ་འཁོར་ལ་མཚོན་བྱེད་དཔེར། གཟུགས་བརྙན་གྱི་དཀྱིལ་འཁོར་དང་མཚོན་བྱ་དོན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གཉིས་ལས། དང་པོ་རྡུལ་མཚོན་གྱི་དཀྱིལ་འཁོར་དང་རས་བྲིས་ཀྱི་དཀྱིལ་འཁོར། ཐིག་དང་ཚོམ་བུའི་དཀྱིལ་འཁོར་ཏེ་བཞིའོ། །གཉིས་པ་སྐུ་དཀྱིལ་ལུས་ལྷ་གསལ་བས་དཔའ་བོ་གཅིག་པ་ནས་འཁོར་ཡོངས་རྫོགས་ཀྱི་ལྷ་དང་གཞལ་ཡས་ཁང་སོགས་གསལ་བ། གསུང་དཀྱིལ་ལྷ་གཙོ་འཁོར་གྱི་ཞི་དྲག་སོ་སོའི་སྔགས་གསལ་ཞིང་ངག་ཏུ་བརྗོད་པ། ཐུགས་དཀྱིལ་དུག་ལྔ་ཡེ་ཤེས་ལྔ་ལམ་དུ་བྱས་ནས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པས་སྦྱོར་སྒྲོལ་གྱི་ལས་ལ་འཇུག་པས་འཁོར་བ་མ་སྤངས་གནས་སུ་དག་པའོ། །གསུམ་པ་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་ནི། ལམ་ཡོངས་སུ་རྫོགས་ནས་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱ་སྟེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་སྐུ་གསུམ་དང་ཡེ་ཤེས་ལྔ་དང་། ཞི་རྒྱས་དབང་དྲག་གི་དཀྱིལ་འཁོར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ལ་སོགས་དབྱེ་རུང་བས་འདིར་ཡིག་ཚོགས་མང་བས་མ་སྤྲོས་སོ། རྒྱས་པར་ཤེས་འདོད་ན་རྒྱུད་སྡེ་ཆེན་པོ་རྣམས་ལ་གཟིགས་དང་གསལ་བར་སྣང་ངོ་། །གསུམ་པ་དག་པའི་རྟེན་མཚོན་པའི་ཕྱིར་རྡུལ་ཚོན་གྱི་གཞལ་ཡས་ཁང་གི་རྣམ་པ་གཟུགས་བརྙན་དུ་བཀོད་པ་ལ། ཐོག་མར་སྔོན་འགྲོའི་བྱ་བ་ལ་ལྔ་ལས། ས་བརྟག་པ། ས་བསླང་བ། ས་སྦྱོང་བ། ས་བསྲུང་བ། ས་བཟུང་བའོ། །དང་པོ་ལ། གནམ་ས་བར་སྣང་ལ་དཔྱད་ཤེས་པའི་སྒོ་ནས་དཀྱིལ་འཁོར་བཞེངས་པའི་མཐུན་རྐྱེན་ཚང་ལ་བར་ཆད་མི་འབྱུང་བའི་ཕྱིར་སར་བརྟག་པ། གཉིས་པ་མཐུན་རྐྱེན་ཚོགས་ཀྱང་རང་དབང་དུ་མ་གྱུར་བར་ལྟོ་འཕྱེའམ་ས་བདག་སར་བསླང་ནས་གནང་བར་ཞུ་བ། གནང་བ་ཐོབ་ན་བཛྲ་ཀཱི་ལ་ཡ་བསྐྱེད་ནས་ས་གཞིར་ཕུ་བུའི་གདབ་ནས་དབང་དུ་བྱས་ཏེ་ས་གཞི་སྐྱང་ནུལ་དང་སྙོམས་པར་བྱ་བ། གསུམ་པ་དེ་ནས་ཕྱོགས་སྐྱོང་དང་འབྱུང་པོ་བགེགས་སོགས་ལ་གཏོར་མ་རེ་སྦྱིན་པར་བྱས་ཏེ། རྒྱུད་ལས་དཀྱིལ་འཁོར་ཆེན་པོ་ས་གཞི་ལ་གནས་པའི། ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ངས་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འབྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་བགྱི།གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། མགོ་བོ་ཚལ་པ་བརྒྱ་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ་ཞེས་གསུངས་ཤིང་གུ་གུལ་བདུག་ཡུངས་དཀར་གྱིས་གྲབས་སུམ་བྷ་ནི་སོགས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་སོགས་ཀྱིས་བགེགས་བསྐྲད་ཅིང་ཞི་དྲག་ཕྱེད་མས་ས་གཞི་ཡོངས་སུ་སྦྱངས་བའོ། །བཞི་པ་དེ་ནས་ས་གཞིའི་རིམ་པ་མཚོན་ཆ་ལྔས་མཚམས་བཅད་དེ་ས་བསྲུང་བ་དང་། ལྔ་པ་སྒྲུབ་ཐབས་གང་གི་དཀྱིལ་འཁོར་བཞེངས་རུང་དཀྱིལ་འཁོར་དེའི་གཙོ་བོའམ་ཡབ་ཡུབ་ཀྱི་རོལ་པའི་འོད་ས་གཞིར་བསྟིམས་པས་དཀྱིལ་འཁོར་གྱི་རང་བཞིན་དུ་བསམ་སྟེ་ས་བཟུང་ནས་ས་གཞིར་དཀྱིལ་འཁོར་འབྲི་བའི་གཞི་རུང་བར་བྱའོ། །དེ་ནས་རིམ་བཞིན་དཀྱིལ་འཁོར་འབྲི་བའི་ལས་ལ་འཇུག་པ་ལ་ཐིག་སྐུད་བྱིན་རླབས་དང་། ཡེ་ཐིག་གདབ་པ། དཀྱིལ་འཁོར་འབྲི་བ། རྡུལ་ཚོན་བྱིན་རླབས།སྟ་གོན་གྱི་ཆོ་ག ཚོན་དགྱེ་བ་དང་དྲུག་ལས། དང་པོ་རྡོ་རྗེ་སློབ་དཔོན་གྱིས་ཐིག་སྐུད་སྟ་གོན་བྱ་ཞིང་སྔགས་བླ་མེད་ཀྱི་རྒྱུད་ནས་གསུངས་པར་ལྟར་ན། རྟེན་འབྲེལ་གྱི་ཆེ་བར་ཕྲིན་ལས་བསྒྲུབ་པའི་གྲོགས་སུ་སྐུད་པ་འཁེལ་བའི་ལ་ཉེ་མཚོན་པའི་ལང་ཚོ་སྨིན་མ་ཐག་པའི་གཞོན་ནུ་མ་བཅུ་དྲུག་ལོན་པའི་ལག་ནས་ཁ་དོག་སྣ་ལྔས་སྒྲིལ་བའི་ཐིག་སྐུད་བྱིན་རླབས་ཀྱི་ཆོ་ག་བྱའོ། ། གཉིས་པ། ལས་ཀྱི་རྡོ་རྗེ་དང་ལྷན་དུ་རྡོར་དྲིལ་འཛིན་ཞིང་ཕན་ཚུན་ཐིག་སྣེར་བཟུང་ནས་ངག་ཏུ་ཛ་ཛ་ཞེས་ཡེ་ཐིག་གདབ་པར་བྱ་ཞིང་། ཡེ་ཐིག་ནམ་མཁའ་ལ་གདབ་ཏེ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་རྟེན་དང་བརྟེན་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་གསལ་འདེབས་པའི་དགོས་པ་ཁྱད་པར་ཅན་ཡོད་དོ། །གསུམ་པ། རྒྱུད་ནས་གསུངས་པའི་དཀྱིལ་འཁོར་གང་དང་གང་ཡིན་རུང་ཐོག་མར་རྡོ་རྗེ་སློབ་དཔོན་གྱིས་ཕྱག་གཡས་རྡོ་རྗེ་དང་། གཡོན་པས་དྲིལ་བུ་འཛིན་ཞིང་ལས་ཀྱི་རྡོ་རྗེ་ལ་ཐིག་སྣེ་གཏད་དེ་ཐིག་ཆེན་བརྒྱད་སྤྱི་དང་མཐུན་པ་ལྟར་གདབ་པར་བྱ་ཞིང་། དེ་ནས་དཀྱིལ་འཁོར་བཞེངས་པ་ལ་རྒྱ་གཞུང་ལྟར་གདབ་པ་དང་། མན་ངག་ལུགས་གཉིས་སུ་བྱུང་ཡོད་ཀྱང་གང་ལྟར་གཞལ་ཡས་ཁང་གཅིག་ཏུ་གྲུབ་པས་དོན་ལ་འགལ་བ་ཅང་མེད་དོ། །དེ་ནས་རྒྱ་གཞུང་ལྟར་ན་ཐིག་ཡིག་ལས། དང་པོ་ཕྱེད་དང་ཕྱེད་ཆ་དང་། །གཉིས་པ་བཞི་ཆ་བཞི་རུ་བགོས། །གསུམ་པ་བཞི་པ་རང་སར་བཞག །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་དང་ཕྱེད་ཆ་བགོས། །བདུན་པ་བཞི་ཆ་བཞི་རུ་བགོས། །ཞེས་སོགས་ཆ་ཆེན་དང་ཆ་ཕྲན་སོགས་ཐིག་ཡིག་ལྟར་ལག་ལེན་ཏུ་མ་ནོར་བར་གཅེས་སོ། །མན་ངག་ལུགས་ལྟར་ན་སློབ་དཔོན་ཤར་ལ་སློབ་མ་ནུབ། །ཤར་ནུབ་གཉིས་ལ་མཚན་མ་བྱ། །མཚན་མ་བྱས་པ་རྐྱང་པ་ཡིན། །དེ་ནས་ཚངས་ཐིག་དང་པོ་གདབ་ཅེས་དེ་བཞིན་དཔོན་སློབ་གཡས་བསྐོར་གྱི་ཐིག་ཆེན་བརྒྱད་གང་མཚམས་སུ་གདབ་ནས། ཚངས་ཐིག་ནས་བཟུང་ལྟེ་བའི་བར་ཆ་ཆེན་བཞི་བཞི་དག་ཏུ་བགོས་ཞེས་གསུངས་པ་ལྟར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབ་བང་རིམ་བཞི་དང་བཅས་པ་ལ་གདུགས་དང་རྒྱལ་མཚན་བ་དན་སོགས་ཀྱི་རྒྱན་གྱིས་བརྒྱན་པ། པདྨ་དང་རྡོ་རྗེའི་ཕྲེང་བ། མེ་རིས་མཐའ་ནས་བསྐོར་བར་བྱའོ། །བཞི་པ་ལས་ཀྱི་རྡོ་རྗེའི་ཁ་དོག་ལྔའི་རྡུལ་ཚོན་འདུ་བར་བྱས་ཏེ། སློབ་དཔོན་གྱིས་རྡུལ་ཚོན་བྱིན་རླབས་ཀྱི་ཆོ་ག་ལེགས་པར་བསྒྲུབས་ནས་སྒྲུབ་ཐབས་གང་གི་དཀྱིལ་འཁོར་བཞེངས་ཀྱང་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་དཔའ་བོ་གཅིག་པ་ནས་རིགས་གསུམ་དང་ལྔ། རིགས་བརྒྱ་ནས་བསམ་ཡས་སྒྱུ་འཕྲུལ་དྲ་བའི་བར་དཀྱིལ་འཁོར་གྱི་ལྷ་དེ་དང་དེའི་ངོ་བོ་རུ་བྱིན་གྱིས་རླབས་པའི་ཆོ་གའི་ལས་བསྒྲུབ་པར་བྱའོ། །ལྔ་པ་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྟེ་བར་རིགས་ལྔའི་རང་བཞིན་གྱི་ཚོམ་བུ་དགོད་དེ་དབང་ལྡན་ནས་དཀར་སེར་དམར་ལྗང་སྔོ་བའི་རྩིབས་པ་རིམ་པ་ལྔ་མཚོན་ཙམ་དུ་བླུགས་ནས་བུམ་པ་དང་སློབ་མ་ལྷ་སོགས་སྟ་གོན་གྱི་ཆོ་ག་ལ་འཇུག་པར་བྱའོ། །དྲུག་པ་ཚོན་དགྱེ་བ་ནི་དཀྱིལ་འཁོར་གྱི་ཕྱོགས་མདོག་དཀར་སེར་དམར་ལྗང་ངམ་སྔོ་སེར་དམར་ལྗང་སོགས་སྒྲུབ་ཐབས་ནས་བྱུང་བ་ལྟར་བྱས་ནས་ཟུར་བཞིར་ཟླ་ཕྱེད་རྡོ་རྗེའི་མཚོན་པ། ལྟེ་བར་འདབ་བརྒྱད་དམ་འདབ་ལྔ་སོགས་ཅི་རིགས་སུ་འབྱུང་བས་ལྷ་སོ་སོའི་གདན་དང་། སྐུ་མདོག་ཇི་ལྟར་གནས་པར་དེ་བཞིན་ཚོན་མདོག་ཀྱང་བླུག་པར་བྱའོ། །དེ་ནས་གཞལ་ཡས་ཁང་གི་དཀྱིལ་འཁོར་གྱི་རྩིབས་པ་སྔོ་སེར་དམར་ལྗང་ནས་རིམ་བཞིན། འདོད་སྣམ་དམར་པོ་ལ་ཕག་གུ་སེར་པོ་དང་། དྲ་ཕྱེད་གཞི་མུན་པ་སྟེ་ནག་པོ་ལ་དྲ་བ་དཀར་པོའམ་སེར་པོའི་ཕྱེད་པ་འཕྱང་བ། ཤར་བུ་སྔོ་སྐྱ་ལ་འདའ་ཡབ་ཁ་དོག་དཀར་པོའི་མཚོན་པ། སྒོ་འཁྱུད་དམར་པོ་ལ་སྒོ་འགྲམ་སྨུག་པོ་དང་། སྒོ་ལོག་སེར་སྨུག་ལ་མུན་པ་ནག་པོའི་མཚོན་པ། ཀ་བ་དམར་པོ་ལ་ཀ་རྒྱན་ཁ་དོག་སྣ་ཚོགས་སུ་བཀོད་པའོ། སྒོ་ཕུབ་ནས་རྟ་བབ་བང་རིམ་བཞིའི་སྟེང་ནས་རིམ་བཞིན་སྔོ་སེར་དམར་ལྗང་སྟེ་གསེར་གྱི་ཆོས་འཁོར་ལ་རི་དྭགས་ཇ་སྐྱ་དང་། གདུགས་སེར་པོ་ལ་རིན་པོ་ཆེའི་ཏོག་གི་མཚོན་པ། གཞལ་ཡས་ཁང་གི་སྟེང་དུ་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་སོགས་འདོད་ཡོན་སྣ་ཚོགས་མཆོད་པའི་སྤྲིན་འཕྲོ་བ། ཕྱི་ནས་ཟླུམ་བསྐོར་དུ་རིམ་བཞིན་ཁ་དོག་སྣ་ཚོགས་ཀྱི་པདྨས་མཚན་པ། དེའི་ཕྱི་རོལ་དུ་ཆ་ཕྲན་གཅིག་གི་སར་རིན་པོ་ཆེ་དང་རྡོ་རྗེའི་ཕྲེང་བས་བསྐོར་བ། དེའི་ཕྱི་རོལ་གཡས་བསྐོར་དུ་སྔོ་སེར་དམར་ལྗང་གི་མེ་རི་ཟླུམ་པོས་བསྐོར་བ་ནི་ཐར་པ་ཆེན་པོའི་སྒོ་མཚོན་པར་བྱེད་པའི་གཞལ་ཡས་ཁང་རྟེན་དང་བརྟེན་པ་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའོ། །འདིའི་སྐབས་སྒྲུབ་ཐབས་རྣམས་སུ་རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར་བཞེངས་པ་ལ་སྔགས་གསར་རྙིང་ཀུན་གྱིས་དགོངས་བཞེད་གཅིག་མཐུན་ཡིན་ལ་བརྟེན་པ་ལྷ་ལ་སྒྲུབ་ཐབས་རྣམས་སུ་གྲངས་ཀྱི་ཁྱད་པར་དང་། ལྷའི་ཁ་དོག་དང་རིགས་སོགས་དབྱེ་བ་ཡོད་པས་དེ་ལྟར་གྲུབ་མཐའ་སོ་སོའི་རྒྱུད་ཀྱི་དགོངས་དོན་དང་བསྡུར་ནས་ཕྱག་ལེན་བྱེད་དགོས་པས་དེ་ལུགས་མཁྱེན་པར་འཚལ། སྦྱིན་སྲེག་བྱ་བའི་དཀྱིལ་འཁོར་ལ་ཕྲིན་ལས་རྣམ་བཞི་མཚོན་ཕྱིར་ཞི་བར་ཟླུམ་པོ་དང་། རྒྱས་པར་གྲུ་བཞི། དབང་ལ་ཟླ་གམ། དྲག་པོར་གྲུ་གསུམ་སྟེ་ཞི་རྒྱས་དབང་དྲག་གི་ལས་གང་བསྒྲུབ་པར་འདོད་ཀྱང་དཀྱིལ་འཁོར་གྱི་དབྱིབས་ཀྱང་དེ་ལྟར་དུ་འགོད་པར་བྱ་དགོས་སོ། །
སླར་སྨྲས་པ། རྒྱལ་བའི་ཕྲིན་ལས་གདུལ་བྱའི་ཡིད་མཁའ་རུ། །ཐེག་པ་མཆོག་གི་ཤིང་རྟ་ལས་དྲངས་བའི། །རྒྱུད་དོན་དགོངས་པའི་དཀྱིལ་འཁོར་རབ་གསལ་གྱིས། །ཐར་ལམ་འདྲེན་པའི་དཔལ་གྱི་འོད་སྣང་སྦྱིན། །སྙན་བརྒྱུད་རྒྱ་མཚོའི་འཇིངས་སུ་གནས་བཅས་་པའི། །མན་ངག་དབྱིབ་ཀྱི་འཕོས་པའི་ས་ལེ་སྦྲམ། །སྐུ་དང་ཡེ་ཤེས་སྣང་བའི་དཀྱིལ་འཁོར་དུ། །སྐལ་བཟང་ཞི་བའི་སྒོ་ལ་འཇུག་ཕྱིར་སྤེལ། །འདི་བྱས་རྣམ་དཀར་དགེ་ཚོགས་བསོད་ནམས་ཀྱིས། །ཀུན་ཉོན་སྲིད་པའི་སྡུག་བསྔལ་མཐར་བསྐྱུང་སྟེ། །མ་གྱུར་འགྲོ་ཀུན་རྣམ་མཁྱེན་ལམ་བཟང་གིས། །ཕྱམ་ཅིག་གདོད་མའི་ས་ལ་འགོད་པར་ཤོག །ཅེས་པ་ནི་མཆེད་ཟླ་སངས་རྒྱས་ནོར་བུའི་བདག་རྐྱེན་གྱི་འདི་བཞིན་དགོས་ཞེས་བཀའ་ཡིས་སྐུལ་ངོར་མ་ཟློག་པར་ཡུལ་ངེས་མེད་ཀྱི་གནས་སུ་གྱར་བའི་བྱ་བཏང་བ་དབང་ཆེན་གྱིས་རྒྱ་ནག་ཁྲེན་ཏུའི་གྲོང་ཁྱེར་གྱི་རང་གནས་བསམ་གཏན་ཁང་བུར་ནས་འཕྲལ་དུ་སྤྲིངས་པའོ། །
2017ལོའི་《ཁ་བཏགས་དཀར་པོ།》དེབ་དང་པོ་ལས་བཤུས།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1