བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-01


ལེའུ་གཉིས་པ།

མངའ་མཛད་བྱུང་བའི་དུས་རབས།

དེ་ནས་རིམ་བཞིན་རིགས་རུས་དང་། །

སྡེ་ཚན་དཔོན་གཡོག་ཁྱད་པར་སོགས། །

བློ་རིག་རྩལ་གྱི་ཁྱད་པར་ལས། །

བྱུང་བའི་གོ་རིམ་འདི་ལྟར་ཏེ། །

དང་པོ་གངས་རིའི་ལྗོངས་འདི་ན། །

སོ་ནམ་བྱས་པས་འབྲུ་རིགས་དང་། །

སྒོ་ཕྱུགས་གསོས་པས་ཞོ་འོ་མ། །

འཆུར་ར་ལ་སོགས་བཟའ་ཆས་བྱུང་། །

སྤུ་རིགས་ཐོན་རྫས་སྦྲ་གུར་དང་། །

ཕྱིང་པ་སྣམ་བུ་ཐི་གུའི་རིགས། །

པགས་པའི་གོས་གདན་ལ་སོགས་པ། །

ཤེས་རབ་རྩལ་གྱི་ཐོན་རྫས་བྱུང་། །

ད་ལྟ་དགོས་པ་ད་ལྟ་བཙལ། །

དེ་རིང་ཐོབ་པ་དོ་དགོང་སྤྱད། །

རང་གིས་ཟ་ཞིང་གཞན་ལའང་སྟེར། །

མ་འོངས་པ་ཡི་ཕྱི་བསམ་མེད། །

མངའ་མཛད་ཐོག་མར་བྱུང་བ་ཞེས་པ་ནི་མི་ཡིས་མི་ལ་དབང་སྒྱུར་བྱེད་པའི་དུས་རབས་ཀྱི་འགོ་ཚུགས་པ་ལ་ཟེར། དེ་ལྟར་བསྐལ་པ་ཡ་ཐོག་གི་འཚོ་བ་དེ་ལོ་ངོ་འབུམ་ཕྲག་མང་པོ་ཞིག་བརྒྱུད་པའི་མཐར་མི་རྣམས་ཀྱི་ཞིང་འབྲོག་ལས་ཀའི་ཉམས་མྱོང་ཇེ་ལེགས་དང༌། བློ་རིག་ཇེ་བཀྲའི་དབང་གིས་ཐོན་རྫས་རིགས་མང་པོ་ཐོན་ཡོད། དེ་ཡང་ས་ཞིང་རྨོ་བརྐོ་དང་ས་བོན་འདེབས་འཛུགས་བྱེད་ཅིང་ལོ་ཏོག་བསྡུ་ལེན་བྱེད་མཁན་གྱི་ཞིང་པའི་སྡེ་དང་། སེམས་ཅན་འཛིན་བཟུང་བྱེད་ཅིང་ཟོག་དང་། ར་ལུག་ལ་སོགས་པ་སྒོ་ཕྱུགས་སུ་གསོ་ཞིང་འོ་མ་བཞོས་ཏེ་མར་འཆུར་ སོགས་དཀར་རིགས་ཀྱི་ཐོན་རྫས་དང་། སེམས་ཅན་གསོད་པའི་ཤ་ཁྲག་སོགས་དམར་རིགས་ཀྱི་བཟའ་ཆས་བྱུང་། གཞན་ཡང་ཞིང་འབྲོག་མཉམ་བསྡེབས་ཀྱི་ལག་རྩལ་གྱིས་སྦྲ་གུར་དང་། ཕྱིང་པ་དང་། ཐི་གུ། སྣམ་བུའི་རིགས་སོགས་སྤུ་རིགས་ཀྱི་ཐོན་རྫས་དང་། པགས་སླག་དང་། ཀོ་ལྷམ་སོགས་པགས་རིགས་ཀྱི་ཐོན་རྫས་བཟོ་མཁན་གྱི་ཞིང་འབྲོག་ལས་སྒོ་དར་སྲོལ་བྱུང་ཡོད། ཆེས་ཐོག་མའི་དུས་སུ་མི་རྣམས་ཀྱིས་གང་ཡོད་སྤྱོད་ཅིང་། གང་དགོས་དུས་ཐོག་ཏུ་བཙལ་བ་ལས་མ་འོངས་པའི་ཆེད་དུ་གསོག་འཇོག་བྱེད་སྲོལ་ཆེར་མེད་པར་བཤད། །

དེ་ནས་སྤྱང་གྲུང་ལྡན་པ་འགས། །

ཟས་གོས་བསགས་པས་ཕྱུག་པོར་གྱུར། །

བཀྲེས་ལྟོགས་ཅན་གྱི་དབུལ་ཕོངས་རྣམས། །

གཞན་ལ་རེ་བའི་གཡོག་ཏུ་གྱུར། །

བློ་རིག་ཁྱད་ཀྱིས་དབུལ་ཕྱུག་དང་། །

དབུལ་ཕྱུག་ཁྱད་པས་དཔོན་གཡོག་གི། །

དབྱེ་བས་རིམ་བཞིན་དཔོན་འབངས་ཀྱི། །

ཐ་སྙད་ཐོག་མར་དེ་ནས་བྱུང་། །

རྗེས་སུ་རིམ་བཞིན་ཟས་གོས་ཀྱི་ལྷག་མ་གསོག་འཇོག་བྱེད་ཤེས་པ་བྱུང་བས། ཟས་གོས་སོགས་ཐོན་རྫས་ཀྱི་ལྷག་མ་མང་ཙམ་གསོག་འཇོག་བྱེད་ཐུབ་མཁན་དེས་ཟས་གོས་མེད་པའི་མི་རྣམས་བརྔན་པས་གཡོག་ཏུ་བཀོལ་བས་ཕྱུག་པོ་དང་དབུལ་པོའི་ཐ་སྙད་བྱུང་ཞིང་། དབུལ་ཕྱུག་གི་ཁྱད་པས་དཔོན་དང་གཡོག་གི་རིམ་པ་ཡང་བྱུང་། དེ་ལྟར་རིམ་བཞིན་དཔོན་གཡོག་གི་འབྲེལ་བ་ཅན་གྱི་ཚོ་པ་ཁག་རྣམས་ཆགས་པ་དང་། ཚོ་པ་དེ་དག་གི་བར་དུ་ཕན་ཚུན་རྟག་པར་ས་ཆ་དང་ཡུལ་རིས་ཆེད་དུ་འཁྲུག་རྩོད་ཤོར་ཞིང༌། གལ་ཏེ་དམག་འཁྲུག་བྱས་ཏེ་ཚོ་པ་གཞན་གྱི་མི་འཛིན་བཟུང་ཐུབ་པ་ན། རང་གི་བྲན་དུ་བཀོལ་བས་བྲན་གཡོག་ལམ་ལུགས་ཟེར་བ་དེ་ཐོག་མར་བྱུང་བ་རེད།

སྒ་འགྲུ་དབྲ་ལྡོང་རུས་ཆེན་བཞི། །

ནུ་བོ་དབས་བརྡ་གཉིས་དང་དྲུག །

བོད་ཀྱི་མིའུ་གདུང་དྲུག་ཅེས། །

རུས་རིགས་ཐོག་མར་འདི་ནས་གྱེས། །

ཚོ་དྲུག་བདག་ཏུ་བཟུང་བ་ལས། །

རུས་ཚན་ཡལ་འདབ་བོད་ཁམས་ཁྱབ། །

སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོའི 《རྒྱ་བོད་ཡིག་ཚང་》དང༌། དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན》 འབྲུ་བཀྲ་ཤིས་རྒྱ་མཚོའི་《རུས་མཛོད་པད་དཀར་སྐྱེད་ཚལ་》བཅས་དང༌། གཞན་ཡང་འབྱུང་རྩིས་ཀྱི་གཞུང་རྣམས་སུ་འཁོད་པའི་བོད་ཀྱི་རུས་ཚན་གྱེས་ཚུལ་སྐོར་གྱི་སྙིང་དོན་རྣམས་མདོར་བསྡུས་ནས་བཤད་ན། བསྐལ་པ་ཡ་ཐོག་ཐུན་མོང་གི་འཚོ་བ་སྤྱོད་པའི་དུས་མཇུག་ཙམ་ལ། ཐོན་རྫས་ཀྱི་ལྷག་མ་གསོག་འཇོག་བྱེད་སྲོལ་བྱུང་བའི་རྐྱེན་གྱིས་མི་རྣམས་ཕན་ཚུན་མ་མཐུན་པར་ས་ཆ་སོ་སོར་གྱེས་པ་ལས་སྒ་འབྲུ་སྦྲ་ལྡོང་བཞི་ཞེས་པའི་རྩ་བའི་རུས་ཆེན་བཞི་པོའི་དབྱེ་སྲོལ་འདི་བྱུང་ཡོད། ཡིན་ནའང་འདི་ལ་བགྲངས་ཚུལ་མི་འདྲ་བ་དང༌། ཡི་གེ་འབྲི་སྟངས་མི་འདྲ་བ་ཡོད་པ། དང་པོ་བགྲངས་ཚུལ་མི་འདྲ་བ་ནི་སྒ་འབྲུ་སྦྲ་ལྡོང་བཞི་ལ། སེ་རྨུ་ལྡོང་སྟོང་བཞི་བགྲངས་སྲོལ་ཡོད་ཀྱང་སེ་དང་ཁྱུང་དང་ སྦྲ་རྣམས་རུས་ཚན་གཅིག རྨུ་དང༌། སྒ་རྣམས་རུས་ཚན་གཅིག སྟོང་དང༌། འབྲུ་ཞེས་པ་རུས་ཚན་གཅིག་ཡིན་སྟབས་དོན་དུ་རུས་ཚན་བཞི་རུ་མ་འདུས་པ་མེད།

གཉིས་པ་ཡི་གེ་འབྲི་ཚུལ་མི་འདྲ་བ་ནི། ལྡོང་དང་གདོང་གཉིས། བསེ་དང་སེ་གཉིས། སྦྲ་དང་དབྲ་གཉིས། འབྲུ་དང་འགྲུ་གཉིས། རྨུ་དང་དམུ་གཉིས། སྒ་དང་ལྒ་གཉིས་བཅས་བྱུང་ཡོད་པ་འདི་དག་དོན་གཅིག་ཏུ་སྣང༌། 《རྒྱ་བོད་ཡིག་ཚང་ཆེན་མོ་》ལས། དེའང་སྔོན་དང་པོ། ཡུལ་དམའ་ཁ་ཤུལ་གཡག་ཞུར་གྱི་གོང་ཁ་བྱ་བར། སྲིད་པའི་རྒྱལ་བུ་ཐིང་གི་ཞེས་པ་ལ། བུ་གསུམ་བྱུང་བ། རྒྱ་བོད་ཧོར་ གསུམ་དུ་གྱེས་པའི། བོད་མི་ཁྲི་དོ་ཆེན་པོ་བྱ་བ་དེ་ལ། བུ་དྲུག་བྱུང་བ་ནི། དབྲའ་འབྲུ་ལྡོང་གསུམ་ལྒ་དང་བཞི། །ནུ་བོ་དབས་བརྡའ་གཉིས་དང་དྲུག ། བོད་ཀྱི་མི་རྒྱུད་དྲུག་པོ་དེས། །དམའ་ཁ་ཤུ་རས་འདེབས་སྟག་པ་དེར། །བོད་མི་གསུམ་བུ་དྲུག་ས་བགོས་བྱས། །ལྡོང་གིས་པ་མ་ལེ་པང་ཐོབ། །དབྲ་ཡིས་དབྲ་མོ་རབ་བཀྲ་ཐོབ། །འབྲུ་ཡིས་འབྲུ་མོ་ཕྲོམ་ཕྲོམ་ཐོབ། །སྒ་ཡི་ལྒར་མ་མེ་པོ་ཐོབ། །དབས་བརྡས་རྒྱ་བོད་ས་མཚམས་སུ། །མཚམས་ཀྱི་མདའ་དར་གོང་མ་བཟུང༌། །ཞེས་གསུངས་པ་ལྟར་ན།

1. ཕུ་བོ་ལྡོང་གི་རྒྱུད་པ་དང་མངའ་ཁོངས་ནི། བོད་མི་ཁྲི་དོ་ཆེན་པོ་བྱ་བ་དེའི་ཆུང་མ་རྣམས་ལ་རིམ་བཞིན་བུ་དྲུག་ཏུ་སྐྱེས་པ་དེ་དག་ནང་མ་འཆམས་པའི་སྐབས་སུ། ཡབ་ཁྲི་དོ་བཙན་པོས་དམའ་ཁ་ཤུ་རབས་འདེབས་ཞེས་པའི་ས་ཆ་དེར་བོས་ནས་ས་བགོས་བྱས་པ་ལ་ཕུ་བོ་ལྡོང་ལ་པ་མ་ལེ་པང་ཞེས་པའི་ས་ཆ་དེ་ཐོབ། དེའི་མངའ་ཁོངས་སུ་ཆགས་པའི་མི་རྒྱུད་ལ་ཕུ་བོ་ལྡོང་གི་རུས་རྒྱུད་ཅེས་ཟེར། དེ་ཡང་ཕུ་བོ་ལྡོང་གིས་བཟུང་བའི་ཡུལ་ནི་《རུས་མཛོད་》ལས་གསལ་བ་ལྟར་ན། མི་ཉག་གི་ཡུལ་ཏེ་ཁམས་ཀྱི་ཤར་ལྷོ་གཉིས་སུ་གནས་པའི་ཡུལ་གྲུ་འདི་དག་ལ་ཟེར། དེ་ལ་དབྱེ་བ་དཀར་པོ་ལྡོང་དང༌། ནག་པོ་ལྡོང༌། ཁྲ་བོ་ལྡོང༌། སྨུག་པོ་ལྡོང་སོགས་ཡོད་པར་གྲགས།

2. སེ་ཁྱུང་སྦྲའི་སྐོར་ལ། མཐུ་ཆེ་དམ་ཚིག་མ་ཉམས་པ། །སེ་ཁྱུང་སྦྲ་ཡི་བུ་རྒྱུད་ཡིན། ཞེས་པའི་བོད་མི་ཁྲི་དོ་ཆེན་པོའི་བུ་གཉིས་པ་ལ་དབྲ་མོ་རབ་བཀྲ་ཞེས་པའི་ས་ཆ་དེ་ཐོབ་ནས་དེའི་མངའ་ཁོངས་སུ་ཆགས་པའི་མི་རྒྱུད་ལ་སེ་ཁྱུང་སྦྲ་ཡི་རུས་རྒྱུད་ཅེས་ཟེར་ཞིང༌། རུས་མཛོད་ལས། ཡུལ་འདི་ཞང་ཞུང་གི་ཡུལ་ཏེ། མངའ་རིས་དང་ལ་དྭགས། གཙང་སྟོད་བཅས་ལ་ཟེར།

3. ཨ་ལྕགས་འབྲུ་ཡི་སྐོར་ལ། དཔའ་རྒྱ་སྟག་མཆེ་སྡེར་མ་ཉམས་པ། །ཨ་ལྕགས་འབྲུ་ཡི་བུ་རྒྱུད་ཡིན། ཞེས་པའི་ཁྲི་དོ་ཆེན་པོའི་བུ་གསུམ་པ་ཨ་ལྕགས་འབྲུ་ལ་འབྲུ་མོ་ཕྲོམ་ཕྲོམ་ཞེས་པའི་ས་ཆ་དེ་ཐོབ། དེའི་མངའ་ཁོངས་སུ་ཆགས་པའི་མི་རྒྱུད་ལ་ཨ་ལྕགས་འབྲུ་ཡི་མི་རྒྱུད་ཅེས་ཟེར། རུས་མཛོད་ལས། སུམ་པའི་ཡུལ་ཏེ། ཁམས་ཀྱི་ནུབ་བྱང་ཕྱོགས་ཀྱི་ཡུལ་གྲུ་རྣམས་དང༌། ལྷ་སའི་བྱང་ཕྱོགས་ཀྱི་ལུང་པ་འདི་དག་ལ་ཟེར།

4. རྨུ་ཚ་སྒ་ཡི་སྐོར་ལ། ཕྱུགས་གཡང་མོའི་མཁལ་ཚིལ་མ་ཞུ་བ། །རྨུ་ཚ་ལྒ་ཡི་བུ་རྒྱུད་ཡིན། །ཞེས་པའི་ཁྲི་དོ་ཆེན་པོའི་བུ་བཞི་པ་རྨུ་ཚ་ལྒ་ལ་ལྒར་མ་མེ་པོ་ཞེས་པའི་ས་ཆ་དེ་ཐོབ། དེའི་མངའ་ཁོངས་སུ་ཆགས་པའི་རྒྱུད་པ་ལ་རྨུ་ཚ་ལྒ་ཡི་རུས་རྒྱུད་ཅེས་ཟེར། རུས་མཛོད་ལས། འ་ཞའི་ཡུལ་ཏེ། བྱང་སྒ་པ་ནས་ཤར་རྒྱ་རོང་བར་གྱི་ཡུལ་གྲུ་འདི་དག་ལ་ཟེར།

5. ནུ་བོ་དབས་བརྡ་གཉིས་ཀྱི་སྐོར་ལ། 《རྒྱ་བོད་ཡིག་ཚང་ཆེན་མོ་》ལས། དབས་བརྡས་རྒྱ་བོད་ས་མཚམས་སུ། །མཚམས་ཀྱི་མདའ་ར་གོང་མ་བཟུང་། ཞེས་གསུངས་ཙམ་ལས་ཡུལ་གང་གསལ་བཤད་མི་འདུག

རྩ་བའི་རུས་དེ་དག་ལས་མཆེད་པའི་རུས་ཚན་ནི། གཞན་ཡང་རུས་མཛོད་ཀྱི་ཡིག་ཚང་རྣམས་སུ་ལྡོང་གི་ང་ཆེན་བཅོ་བརྒྱད། ཚ་ཆེན་བཅོ་བརྒྱད། ཤུལ་ཆེན་བཅོ་བརྒྱད་སོགས་སུ་འཁོད་ཡོད་པ་དེ་དག་ལས།

 ལྡོང་གི་རུས་ཆེན་བཅོ་བརྒྱད་ནི། ཡབ་ལྡོང་ཆེན་པོ་སྤོས་དྲོ་ཡིན། དེ་ལས་རུས་རིགས་བཅོ་བརྒྱད་བྱུང༌། ཅོག་དང་ཅོག་ཙེ་ཅོག་རོ་གསུམ། སླད་ཀྱི་ཞིང་དང་འདྲ་བའི་བུ་གསུམ་ཡིན། འབྲོང་དང་ཁྲུང་པོ་ཟླ་བ་གསུམ། དཔྲལ་བའི་མིག་དང་འདྲ་བའི་བུ་གསུམ་ཡིན། འབྲིང་དང་ལྷ་ལུང་ལྷ་རྩེ་གསུམ། ལག་པ་གཡས་དང་འདྲ་བའི་བུ་གསུམ་ཡིན། བྲང་དང་དགོས་པ་ཁུ་ན་གསུམ། ལག་པ་གཡོན་དང་འདྲ་བའི་བུ་གསུམ་ཡིན། ཉ་དང་ཚེ་སྤང་ལུ་ནག་གསུམ། ལུས་དང་ཁོག་པ་དང་འདྲ་བའི་བུ་གསུམ་ཡིན། སྙིང་དང་ཕོ་གོང་ཐག་བཟང་གསུམ། ཁོག་པའི་སྙིང་དང་འདྲ་བའི་བུ་གསུམ་ཡིན་ཞེས་གསུངས།

 ལྡོང་གི་ཚ་ཆེན་བཅོ་བརྒྱད་ནི། ཕྱག་ཚ། རྨོག་ཚ། མགོ་ཚ། སྦུ་ཚ། ཏོག་ཚ། གཡི་ཚ། ཟངས་ཚ། རེབ་ཚ། དཔལ་ཚ། རྐང་ཚ། གཅན་ཚ། དོམ་ཚ། གཤེན་ཚ། ཚར་ཚ། བྲག་ཚ། ཉ་ཚ། རྒྱ་ཚ་རྣམས་ཡིན།

 ལྡོང་གི་ཤུལ་ཆེན་བཅོ་བརྒྱད་ནི། སྨན་ཤུལ། ཡུལ་ཤུལ། བདུད་ཤུལ། རག་ཤུལ། ཕན་ཤུལ། དབལ་ཤུལ། ཆོས་ཤུལ། བན་ཤུལ། མགོན་ཤུལ། ཕྱག་ཤུལ། དཔལ་ཤུལ། ཆུ་ཤུལ། རི་ཤུལ། ཉན་ཤུལ། ཁྱི་ཤུལ། ལོ་ཤུལ། འགོ་ཤུལ། ཡབ་ཤུལ། རྟ་ཤུལ་རྣམས་ཡིན་ལ། རུས་མིང་འདི་དག་མདོ་སྨད་ཀྱི་ཡུལ་གྲུ་རྣམས་སུ་དེང་དུས་ཀྱང་ལ་ལ་ནི་ཡུལ་མིང་དུ་འབོད་ལ། ལ་ལ་ནི་དུད་ཚང་གི་མིང་དུ་འབོད་ཀྱིན་ཡོད།

 སེ་སྤྲ་ཡི་ཡན་ལག། མཆེད་བཙུན་སྤེལ་མ་བཅུ་གཉིས་གྱི་ཡུལ་ནི། ཞང་ཞུང་དང༌། ཁྱུང་པོ། མར་པ། སྤུ་རངས། རེ་ཁེ། ཉག་ལེ། རྨེ་ཤ། རྨེ་ཚན། གྲུ་གུ རྡོར་ཉེ། ཁོ་པོ། ཁོ་དབྲ་བཅས་ཡིན་ཞིང༌། ཞང་ཞུང་དང་ཁྱུང་པོ། མར་པ་དང་སྤུ་རངས་རྣམས་ནི་དེང་སང་ཡང་མིང་དེ་གར་འབོད་པའི་བོད་ཡུལ་ནུབ་ཕྱོགས་ཀྱི་ས་ཁུལ་འདི་དག་ཡིན་ལ། གཞན་རྣམས་ཀྱང་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་གནས་ཁག་ཏུ་ཞིབ་དཔྱད་བྱས་ན་ངེས་རྙེད་ཐུབ་པར་སེམས།

དང་པོ་དམར་འཇམ་ལྷ་ཡིས་བཟུང་། །

གཡའ་རི་གངས་དཀར་རྩེ་ལ་གནས། །

ཡུལ་མིང་ལྷ་ཡུལ་གུང་ཐང་ཟེར། །

མི་དང་དུད་འགྲོ་མཐུན་ལམ་ཆེ། །

མི་ལོ་འབུམ་ཕྲག་དུ་མ་གནས། །

བོད་ཀྱི་ཡིག་ཆ་རྙིང་པ་དག་ལས། ཆེས་ཐོག་མའི་དུས་བོད་ཀྱི་ཡུལ་འདིར་མི་ཡི་འགྲོ་བ་བྱུང་ནས་དུས་ཡུན་རིང་པོ་ཞིག་ལ་མི་རྣམས་གཡའ་རི་དང་། གངས་རིའི་ཞོལ་དུ་གནས་བཅའ་ཞིང་དུད་འགྲོ་རྣམས་ལ་འཚེ་བ་མི་བྱེད་ཅིང་། ཕན་ཚུན་མཐུན་ལམ་གྱི་སྒོ་ནས་འཚོ་བ་སྐྱེལ་ཞིང་ཡོད་པ་དང་། སྐབས་དེར་ཡུལ་གྱི་མིང་ལ་ལྷ་ཡུལ་གུང་ཐང་ཞེས་ཟེར།

གཉིས་པ་མ་སངས་གཉན་གྱིས་བཟུང། །

ཡུལ་མིང་གཉན་ཡུལ་གསེར་སྟེང་ཟེར། །

རྫ་སྤང་ནགས་སོགས་གནས་བཟུང་ཞིང་། །

དུད་འགྲོ་བསད་ཅིང་ཟས་གོས་བསྒྲུབས། །

མི་ལོ་འབུམ་ཕྲག་མང་པོ་དེ་ལྟར་གནས་ཤིང་འཚོ་བའི་གོ་རིམ་ནང་དུ་མི་རྣམས་ཀྱི་བློ་རིག་ཡར་རྒྱས་དང༌། ཉམས་མྱོང་མང་པོ་བསགས་པ་ལ་བརྟེན་ཏེ་རྡོ་ཆས་དང་དབྱུག་པ་སོགས་ཀྱི་ལག་ཆ་བཟོ་ཤེས་པ་བྱུང་བ་དང༌། དེ་ལ་བརྟེན་ནས་རི་དྭགས་བརྔོན་པ་དང༌། ལོ་ཏོག་རྨོ་འདེབས་བྱས་སྟབས་རིམ་བཞིན་ཉམས་མྱོང་ཇེ་མང་དུ་སོང་སྟེ། རྡོ་ཆས་ལ་ཤིང་གི་ཡུ་བ་ཡོད་པའི་སྟ་རེ་དང༌། འཇོར་རམ་ཀག་ལེ་ སོགས་སྔར་ལས་ཡར་ཐོན་ཅན་གྱི་ལག་ཆ་བཟོ་ཤེས་པ་བྱུང་ལ། སེམས་ཅན་བསད་པའི་ཤ་ཟ་བ་དང༌། པགས་པས་གོས་བཟོ་བ་དང༌། རུས་པས་གྲི་དང༌ཁབ་ལ་སོགས་པའི་འཚོ་བའི་ཡོ་བྱད་ཀྱང་བཟོ་ཤེས་པ་བྱུང༌ཡོད། དེ་ལྟར་བསྐལ་པ་ཡ་ཐོག་གི་མི་རྣམས་ཀྱིས་ལོ་ཏོག་རྨོ་འདེབས་བྱས་པ་ནི་བོད་ཀྱི་ཞིང་ལས་ཀྱི་ཐོག་མ་ཡིན་པ་དང༌། སྔོན་གྱི་ཡིག་ཆ་རྣམས་སུ་འདི་ལ་མ་སངས་གཉན་གྱི་དུས་རབས་ཞེས་ཟེར།

གསུམ་པ་ཀླུ་ཡིས་དབང་བྱས་ཏེ། །

ཡུལ་མིང་ན་ར་གསེང་སྔོན་ཟེར། །

ཆུ་ཀླུང་འགྲམ་དུ་གནས་བཅས་ཤིང་། །

རྟ་ཕྱུགས་བཞོན་ཞིང་ལྷ་ཀླུ་མཆོད། །

དེ་ནས་མི་རྣམས་ཀྱིས་ས་འགུལ་དང༌། བྲག་རི་ཉིལ་བ། ཆུ་ལོག་རྒྱུག་པ། ཉ་ནག་འབྲངས་རྒྱུག་པ། ཚིག་དང༌ཐན་པ་ ཤར་བ་སོགས་རང་བྱུང་ཁམས་ཀྱི་གནོད་འཚེའི་རྒྱུ་རྐྱེན་གསལ་པོ་མ་ཤེས་སྟབས། དེ་བྱེད་མཁན་ལྷ་འདྲེ་ནུས་ལྡན་ཞིག་ཡོད་པ་ངོས་འཛིན་ནས། ལྷ་མཆོད་པ་དང༌། འདྲེ་བཀར་བ་སོགས་གདོད་མའི་ཆོས་ལུགས་ཀྱི་བསམ་བློ་ཐོག་མར་བྱུང་ཞིང་། སྐབས་དེར་མཚོ་དང༌། རྫིང་བུ། ཆུ་ཀླུང་བཅས་ཀྱི་འགྲམ་དུ་གནས་བཅས་ནས་སྡོད་མཁན་མི་རྣམས་ཀྱིས་རྟ་སོགས་སེམས་ཅན་འགའ་ཞིག་བཟུང་ནས་བཞོན་པ་དང་། མི་ཕྱུགས་ལ་ན་ཚ་བྱུང་ཚེ་མཚོ་དང་རྫིང་བུའི་འགྲམ་དུ་ཀླུ་མཆོད་དང་ཀླུ་གསོལ་བྱེད་པའི་སྲོལ་དར། དུས་དེར་ཡུལ་གྱི་མིང་ལ་ཀླུ་ཡུལ་ན་ར་སེང་སྔོན་ཟེར་ཞིང་། དུས་རབས་དེ་ལ་འཕྱེ་བོ་ཀླུ་ཡི་དུས་རབས་ཞེས་ཟེར།

བཞི་པ་བཙན་གྱིས་མངའ་དབང་བྱས། །

གདོང་དམར་བཙན་གྱི་ཡུལ་ཞེས་འབོད། །

བྲག་དང་ནགས་ལ་གནས་བཅས་ཤིང་། །

མདའ་གཞུ་སྤྱོད་ཅིང་འཁྲུག་རྩོད་དར། །

དེ་ལྟར་ལོ་ངོ་ཁྲི་ཕྲག་མང་པོ་བརྒྱུད་པའི་ནང་དུ་སེམས་ཅན་འགའ་ཞིག་བཟུང་ནས་བདག་ཉར་བྱས་ཏེ། འོ་མ་བཞོས་ནས་བཟའ་བཏུང་གི་རིགས་གཡོ་ཤེས་པ་དང༌། སྤུ་བཏོགས་ནས་ཞགས་ཐག་དང༌། ཁུར་ཐག་ལ་སོགས་ཐི་གུའི་ རིགས་བཟོ་བ་དང༌། ཕྱིང་པ་དང་སྣམ་བུའི་རིགས་བཏགས་ནས་གྱོན་ཆས་བཟོ་ཤེས་པ་སོགས་འཚོ་བའི་ཁ་སྟབས་རིམ་བཞིན་ཡར་རྒྱས་ཕྱིན་པ་དང༌། རྟ་རྒོད་ཁ་ཕབ་ནས་ཞོན་རྟ་རུ་བྱས་པས་འགྲིམ་འགྲུལ་ཐད་ལ་སྟབས་བདེ་བ་དང༌ལས་སླ་རུ་ཕྱིན་ཡོད། དེ་ལྟར་སེམས་ཅན་འགའ་ཞིག་འཛིན་བཟུང་བྱས་ནས་སྒོ་ཕྱུགས་སུ་བཀོལ་བ་ནི་བོད་ཀྱི་འབྲོག་ལས་ཀྱི་ཐོག་མ་ཡིན།

དེ་ནས་དུས་ཡུན་རིང་པོ་ཕྱིན་པ་དང༌། མི་རྣམས་རྟག་པར་ཕན་ཚུན་འཁྲུག་རྩོད་དང༌། འཕྲོག་བཅོམ་གྱི་ལས་རྒྱུན་མི་ཆད་པར་བྱས་པས། ས་གཞི་ཡངས་པའི་བདེ་ཐང་གི་གནས་སུ་བསྡད་ན་དགྲ་རྐུན་ཇག་གསུམ་གྱི་གནོད་འཚེ་འབྱུང་སླ་བ་དང་། དགྲ་ལ་རྒོལ་ལན་སློག་དཀའ་བ་བཅས་པའི་རྒྱུ་རྐྱེན་གྱིས་མི་རྣམས་བྲག་རི་དང༌། ནགས་ཁྲོད་རྣམས་སུ་གནས་བཅས། དགྲ་འགོག་རང་སྲུང་གི་ཐབས་མང་པོ་བྱ་དགོས་བྱུང་ཡོད།

དུས་དེར་མི་རྣམས་ཀྱི་གདོད་མའི་ཆོས་ལུགས་ཀྱི་བསམ་བློ་ཤུགས་ཆེ་རུ་ཕྱིན་ཏེ་ཡུལ་ལྷ་གཞི་བདག་ལའང་། ལྷ་དང་། ཀླུ་དང་། བཙན་སོགས་ཀྱི་དབྱེ་བ་ངོས་འཛིན་བྱས་པ་དང་། ཕ་རོལ་གྱི་དགྲ་བོ་མྱུར་དུ་བརླགས་པ་དང༌། རང་ལ་མགོན་སྐྱོབ་འཐོབ་པའི་ཆེད་དུ་བཙན་མཆོད་དང༌། བཙན་གསོལ་བྱེད་པའི་སྲོལ་དར། སྐབས་དེར་ཐོན་རྫས་གསར་པ་མདའ་དང་གཞུ་གསར་གཏོད་བྱས་ཤིང་བེད་སྤྱོད་གཏོང་ཤེས་པ་བྱུང་ཞིང་། དཔོན་དང་གཡོག་གི་གྲལ་རིམ་གྱི་རྣམ་པའང་ཐོན་ཡོད། སྐབས་དེར་ཡུལ་གྱི་མིང་ལ་གདོང་དམར་བཙན་གྱི་ཡུལ་དང་། དུས་རབས་དེ་ལ་གནོད་སྦྱིན་བཙན་གྱི་དུས་རབས་ཞེས་ཟེར། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1