དཔལ་དགེ་མ་ཎི་བོད་ཀྱི་ཆེས་རིང་བའི་མ་ཎི་རྡོ་འབུམ།

རིག་བསྟན། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-01


        དཔལ་དགེ་མ་ཎི་རྡོ་འབུམ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་ནུབ་བྱང་མཚམས་སུ་ཡོད། རྫོང་ཐོག་ནས་ལམ་ཐག་སྤྱི་ལེ་ལྔ་བཅུ་ལྷག་ཙམ་ཡོད། རྡོ་འབུམ་བཞེངས་པའི་ས་ཆ་ནི་རྫ་མ་མོ་ཐང་ཞེས་པ་དེ་རེད། ས་གནས་དེ་གའི་མི་རྒན་ཚོས་བཤད་སྲོལ་ལྟར་ན། དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་ཀྱིས་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ1640ལོར་རྡོ་རྐོ་མ་ཎི་ཚེ་རིང་ཞེས་པ་ཞིག་དང་འཕྲད་དེ་རྟེན་འབྲེལ་འགྲིག་ནས་རྡོ་འབུམ་དེ་ཐོག་མར་གསར་བཞེངས་བྱས། རྗེས་སུ་དེའི་ཡང་སྲིད་དཔལ་སྤྲུལ་ཨུ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་དགུང་ལོ་སུམ་ཅུའི་ཐོག་ལོ་ལྔ་ཙམ་གྱི་རིང་ལ་དད་འབུལ་བ་ཆེ་ཕྲ་གང་བྱུང་རྣམས་བསྡུས་ཏེ་སླར་ཡང་རྡོ་རྐོ་བ་དུ་མ་བསྡུས་ནས་མ་ཎི་བཀའ་ཆེན་དང་བཅུ་འགྱུར་སོགས་རྡོ་ལ་བརྐོས་རྗེས་རྩིས་ལེན་ཞིབ་གཟིགས་ནན་ཏན་མཛད་དེ་རྡོ་འབུམ་རྒྱ་ཇེ་ཆེ་དང་དཔངས་ཇེ་མཐོར་བཏང་ལ་ཁ་སྣོན་ཞིག་གསོས་ལེགས་ཞིབ་བྱས། བཞེངས་སྐྲུན་མཛད་པ་དང་དུས་མཚུངས་སུ་བླ་སྤྲུལ་མང་པོ་གདན་དྲངས་ནས་རྡོ་འབུམ་ལ་རབ་གནས་ཀྱང་རྒྱ་ཆེན་པོ་གནང། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་རྡོ་འབུམ་དེ་ཞིག་གསོ་བྱེད་མཁན་མེད་ཕྱིར་རྡོ་རྩིག་དེ་ཞིག་རལ་དུ་གྱུར་ན་ཡང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། མཆོག་སྤྲུལ་རྒྱལ་མཚན་རབ་ཡངས་ཀྱིས་གཙོ་འགན་བཞེས་ནས་མི་དམངས་ཤོག་སྒོར་ཁྲི་ཚོ17ཙམ་འགྲོ་སོང་བཏང་ནས་ཡུལ་སྡེ་དེའི་བླ་སྤྲུལ་དང་ཆོས་དད་མང་ཚོགས་ཀྱིས་ཉམས་གསོ་ཕུན་སུམ་ཚོགས་པ་བྱས་ཡོད། དཔལ་དགེའི་རྡོ་རྩིག་རིང་ཐུང་གི་ཚད་ནི་སྤྱི་ལེ1.7ཡོད་ལ། རྩིག་པའི་རྒྱ་ཞེང་ལ་སྨི1ནས3བར་དང་། རྩིག་པའི་མཐོ་ཚད་ནི་སྨི2.5ནས3.5བར་ཡིན། རྡོ་འབུམ་རིང་པོ་འདིའི་ཐོག་གི་སོ་སོའི་བར་དུ་སྨི3ནས4ཡི་བར་དུ་རྡོ་རྩིག་གྲུ་བཞི་དང་ནར་མོ་བཅས་བརྩིགས་ཡོད། ས་ཆ་དེའི་གྲྭ་པ་བླ་མ་ཚོའི་ཞལ་རྒྱུན་ལྟར་ན་རྡོ་འབུམ་དེའི་ནང་དོན་ནི་མ་ཎི་ཡིག་དྲུག་གཙོ་བོ་བྱས་པའི་སྟེང་དུ་བཀའ་བསྟན་འགྱུར་དང་ཐར་མདོ་ཚར5000ཙམ་དང་། རྡོ་ལ་བརྐོས་པའི་ལྷ་སྐུ་ཆེ་ཆུང་སུམ་སྟོང་ལྷག་ཡོད་པར་བཤད། ས་ཆ་འདིའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་ཆ་སྙོམས་སྨི4240ལྷག་ཙམ་ཡོད་པ་རེད། རྡོ་འབུམ་དེར་ལོ360ཙམ་གྱི་ལོ་རྒྱུས་ལྡན་པ་རེད། འབྲེལ་ཡོད་ཆེད་རམས་པ་ཚོས་བཤད་པ་ལྟར་ན། རྡོ་འབུམ་འདི་ནི་དེང་སང་འཛམ་གླིང་སྟེང་ཆེས་རིང་བའི་མ་ཎི་རྡོ་རྩིག་ཅིག་ཡིན་པ་རེད

 

རྡོ་རྐོས་ཀྱི་དོན་འགའ་ཞིག་ལ་དཔྱད་པ་།


རང་རེའི་མེས་པོ་རྣམས་ཀྱིས་ཆེས་སྔ་མོ་ཞིག་ནས་རྡོ་བཟོ་དང་རྡོ་རྐོས་ཀྱི་ལག་རྩལ་ལ་དབང་འབྱོར་བས། བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོའི་རིང་ལ་ཕོ་བྲང་ཡུམ་བུ་བླ་མཁར་བརྩིགས། ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་རྩིག་བཟོ་ཙམ་དུ་མ་ཟད་རྡོ་རྐོས་ཀྱི་ལག་རྩལ་ཡང་མི་དམན་པ་ཞིག་དར་ནས་རྡོ་ལ་མཆོད་རྟེན་བརྐོས་པ་སོགས་བཤད་མོད། སྤྱིར་བཙན་པོའི་དེའི་སྐུ་རིང་ལ་ནང་བ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་པའི་རྟེན་འབྲེལ་དུ་ནམ་མཁའ་ནས་གསེར་གྱི་མཆོད་རྟེན་སོགས་བབས་པར་ཅི་ཡིན་མཁྱེན་ནས། མིང་གཉན་པོ་གསང་བ་ཞེས་བཏགས་ཚུལ་ཡོངས་གྲགས་ཡིན་པས། མཆོད་རྟེན་ཞེས་པའི་ཐ་སྙད་དེ་དང་ནང་བ་སངས་རྒྱས་པའི་སྐུ་གསུང་ཐུགས་རྟེན་གྱི་མཆོད་རྟེན་གཉིས་དོན་གཅིག་མིན་དང་། མི་གཅིག་ན་དེས་མཚོན་བྱ་དང་དབྱིབས་ཇི་ལྟ་བུ་ཞིག་ཡིན་པ་སོགས་དཔྱད་གཞི་ཞིག་ཏུ་སྣང་མོད་ཀྱང་། དེའི་གོང་ནས་བོད་ལ་རྡོ་རྐོས་ཀྱི་ལག་རྩལ་མི་དམན་པ་ཞིག་ཡོད་པ་ནི་བསྙོན་དུ་མེད་དོ། །

དེ་ལྟར་བོད་དུ་རྡོ་རྐོས་ཀྱི་ལག་རྩལ་དར་སྔ་ཞིང་། ཆོས་རྒྱལ་གོང་མ་རྣམས་ཀྱིས་བསྐུལ་མ་ལ་བརྟེན་ནས་སྔར་ཡོད་བཟོ་རྩལ་གྱི་རྨང་གཞིའི་སྟེང་གོང་དུ་སྤེལ་བ་དང་། རྒྱ་ནག་དང་བལ་བོ་སོགས་ནས་ལག་ཤེས་བཟོ་བ་བཀུག་སྟེ་ལག་རྩལ་བསླབ་ཏུ་བཅུག་པ་དང་། རྐོས་ལ་སོགས་པའི་ཤེས་བྱ་སྦྱོང་མཁན་མང་པོ་ཆེད་མངགས་བྱས་ཏེ་མི་རིགས་གཞན་གྱི་ཤེས་རིག་བོད་དུ་དྲངས་པ། ཡོན་ཏན་ཅན་ལ་བྱ་དགའ་དང་བཀུར་བསྟི་བྱས་པ་སོགས་ཀྱི་བྱ་ཐབས་དང་། རང་རེའི་མེས་པོ་རྣམས་ཀྱིས་རྣམ་དཔྱོད་དང་བརྩོན་འགྲུས་ལ་བརྟེན་ནས། རྐོས་བཟོ་སྤྱི་དང་ཁྱད་པར་རྡོ་རྐོས་ཀྱི་ལག་རྩལ་འཕེལ་རྒྱས་མི་དམན་པ་ཞིག་བྱུང་ཞིང་། དེ་ལས་བྱུང་བའི་གསུང་རྟེན་རྡོ་འབུམ་གྲངས་མེད་དང་། ཐུགས་རྟེན་ཟུང་མཁར་རྡོའི་མཆོད་རྟེན་སོགས་ཀྱི་བསྔགས་པར་འོས་པའི་དངོས་པོ་མི་ཉུང་བ་ཞིག་ཡོད། འོན་ཀྱང་རྡོ་སྐུ་བཟོ་བ་ལ་རྒྱ་ནག་ལྟ་བུའི་དར་རྒྱས་ཆེན་པོ་མ་བྱུང་སྟེ། དཔེར་ན། དེང་དུས་འཛམ་གླིང་ཐོག་གི་ཆེས་ཆེ་བར་བསྔགས་པའི་རྒྱ་ནག་ཆུའི་བྱམས་ཆེན་དང་། ཧོ་ནན་ཞིང་ཆེན་གྱི་སངས་རྒྱས་སྟོང་གི་བྲག་ཕུག་དང་། སི་ཁྲོན་ཞིང་ཆེན་གྱི་ཞབས་རྗེས་ཆེན་པོའི་བྲག་ཕུག་སོགས་མཚུངས་པའི་མཐོ་ཚད་དང་། རྒྱ་ཁྱོན། བཀོད་པ་དང་། སྐུ་གཟུགས་ཀྱི་ཉམས་དང་རྣམ་པ་སོགས་ཁྱད་དུ་འཕགས་པའི་རྡོའི་སྐུ་བརྙན་བོད་ལ་ཡོད་པ་མི་མཐོང་ཞིང་ལོ་རྒྱས་སོགས་སུའང་མི་གསལ་ལོ། །

འོ་ན་བོད་ཀྱི་གཟུགས་བཟོའི་ལག་རྩལ་གཞན་དག་དང་བཟོ་དངོས་ལག་རྩལ་ལ་དེ་མཚུངས་ཀྱི་འཕེལ་རྒྱས་མ་བྱུང་བའི་རྒྱུ་མཚན་ཅི་ཞིག་ཡིན་ནམ་སྙམ་ན། དེ་ལ་རྒྱུ་མཚན་གསུམ་ཙམ་ཡོད་པར་བསམ་སྟེེ། གཅིག་ཏུ་བོད་ཀྱི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ཕལ་ཆེ་བ་རིན་པོ་ཆེའི་རིགས་ལས་བསྒྲུབས་ཤིང་ཐ་ན་འདམ་སྐུ་བཞེངས་པའི་རྒྱུ་ཡང་རིན་ཆེན་རིགས་དང་བཟང་སྨན་རྩ་ཆེན་རིགས་འདུལ་སྦྱོར་གྱི་ཕྱེ་མ་འདམ་དང་བསྲེས་ནས་བཞེངས་དགོས་ལ། རང་བྱོན་དང་མཁས་གྲུབ་སོགས་སྐྱེས་ཆེན་གྱི་ཕྱག་བཟོ་མ་ཡིན་པའི་རྡོ་སྐུ་ཙམ་ལ་རྟེན་འགངས་ཆེན་དུ་མི་བརྩི་བ་དང་། གཉིས་སུ་རྡོ་སྐུ་ནི་ཤིན་ཏུ་བྱ་དཀའ་སྟེ། སྤྱིར་བཏང་གི་རྡོ་སྐུ་ལ་དེ་ཙམ་གྱིས་ངལ་བ་བྱེད་དགོས་འདོད་མེད་པ་དང་། གསུམ་དུ་བོད་ཀྱི་རྟེན་ཐམས་ཅད་ལ། རྟེན་ལ་ནང་གཞུག་འབུལ་བའི་ལག་ལེན་ལས་འཆད་འགྱུར་བྱུང་། ནང་གཞུག་ཚད་དང་ལྡན་པ་རིང་བསྲེལ་ལྔ་ལ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དང་། གནས་སོ་སོའི་གཟུངས་དང་སྲོག་སྔགས་བཅས་ཆ་ཡོངས་སུ་ཚང་བ་ཞིག་དགོས་མོད། རྡོ་སྐུ་རྐོས་པའི་རིགས་ལ་དེ་ལྟར་འབྱུང་དཀའ་བ་བཅས་ཀྱིས་མིན་ནམ་ཞེས་ཁོ་བོས་དཔྱད་དེ། གཟིགས་པ་པོ་རྣམས་ལ་གྲོས་སུ་འདེབས་ཡུལ་ཙམ་སྟོན་པའོ། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1