བོད་རིགས་ནི་གནའ་ཞིག་ནས་རིན་པོ་ཆེ་དང་ནོར་བུའི་རིགས་ལ་དགའ་ཞེན་དང་མོས་པ་ཆེན་པོ་ཡོད་མཁན་གྱི་མི་རིགས་ཤིག་ཡིན། འདི་ནི་ཆེས་གདོད་མའི་ཧི་མ་ལ་ཡའི་རིག་གཞུང་གིས་རྐྱེན་པས་སོ། ཆེས་སྔར་བའི་རིག་གཞུང་དེ་ནས་སྲིད་པ་ཆགས་ལུགས་ནས་སྤྲོས་པའི་གཏམ་དུ་སྣོད་བཅུད་དང་ཕྱི་ནང་གི་བཀོད་ལུགས་ཤིག་ནས་འཇིག་རྟེན་ཁམས་ཀྱི་གནས་ལུགས་བསྟན་པ། ཁྱད་པར་དུ་ནང་བཅུད་ཀྱི་བགོ་སྟངས་ལ་ཤིན་ཏུ་གཟབ་གནད་དམ་འཛིན་དང་རྒྱུན་འཛིན་བྱེད་པ། བཅུད་ལེགས་པ་ཞིག་ནས་དེ་དང་བསྟུན་པའི་ཕྱི་ཡི་གནས་སྟངས་ཡོངས་རྫོགས་ཕུན་སུམ་ཚོགས་པ་དང་ཡིད་དུ་འོང་བ་ཞིག བཅུད་ནས་གཟི་བརྗིད་དང་སྟོབས་ཤུགས། དབང་ཐང་སོགས་རང་ཤུགས་སུ་བབས་པས། སྐབས་འགར་བཅུད་དེ་ལྷ་ཡི་ངོ་བོ་རུ་གནས་པས། དེས་ན་བཅུད་ལ་བརྩི་བཀུར་བྱེད་པ། བཅུད་ལ་གཅེས་སྤྲས་གནང་བ། བཅུད་ལ་མཆོད་པ་འཕུལ་བ་སོགས་ངང་གིས་འབྱོར་བ། གངས་ཅན་པས་རིན་པོ་ཆེའི་རིགས་དག་ལ་མངོན་ལྐོག་གཉིས་སུ་བཅུད་རྣམ་པར་དག་པའི་ནུས་ཤུགས་ཤིག་མངའ་བར་ངོས་འཛིན་གནང་ཡོད། འདི་ནས་རིན་པོ་ཆེ་དང་ནོར་གྱི་རིགས་དེ་བོད་མིའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་དབྱིག་དེའོ། །
བྱུ་རུ་ནི་གངས་ཅན་པ་དག་གིས་དགའ་ཞེན་ཆེ་གནང་བའི་ནོར་བུའི་རིགས་ཤིག་ཡིན། ནོར་བུ་འདི་བོད་མིའི་འཚོ་བའི་ཁྲོད་དངོས་སུ་སླེབས་པའི་དུས་ཚོད་དེ་ཁ་ཚོན་ཆོད་དཀའ་ནའང་། ཤིན་ཏུ་སྔ་བའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཁག་ཏུ་བྱུ་རུ་ཞེས་པའི་ཚིག་དེ་མང་ཙམ་བེད་སྤྱད་ཡོད། རྒྱལ་པོ་སྲོང་བཙན་མཆོག་གིས་བོད་ཡོངས་གཅིག་གྱུར་སྐབས་སུ་བྱུ་རུ་འདི་ནོར་བུའི་རིགས་སུ་བཀོད་དེ་བོད་ཡུལ་དུ་ས་ཁྱབ་རྡོ་ཁྱབ་ལྟ་བུར་སོང་ཟིན་པའི་རྣམ་པ་ཞིག་མཐོང་། རྒྱལ་པོ་སྲོང་བཙན་ཉིད་ཀྱང་བྱུ་རུ་ལ་དགའ་མཁན་ཞིག་ཡིན། བྱུ་རུ་སྔོན་པོའི་ཕྲ་བཙུགས་པའི་སོར་རྒྱན་ཞིག་ཀྱང་རྒྱལ་པོ་ཆེན་པོའི་མི་ཚེ་དང་ཁ་མ་བྲལ་བས། རྗེས་སོར་རྒྱལ་པོ་དང་ལྷན་དུ་བང་སོ་རུ་འཇོག་པར་གྲགས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བྱུ་རུ་ལ་དེ་བས་མཐོང་ཆེན་འཛིན་པའི་ཚུལ་དུ་སྣང་། 《བཀའ་ཐང་སྡེ་ལྔ།》རྒྱལ་པོའི་བཀའི་ཐང་ཡིག་ལས། མ་འོངས་རྒྱལ་བརྒྱུད་ནོར་སྐལ་ཇི་ལྟར་སྦས་ཚུལ་དུ། གཞན་ཡང་དཀྱིལ་འཁོར་གྱི་ནང་ན། བལ་པོའི་གཡུ་ཟངས་ས་ལེ་སྦྲམ་མཛོ་རྒྱབ་དགུ་དང་། གཟི་དང་། བྱུ་རུ་དང་། མཆོང་དང་། མེ་ཤེལ་དང་། དུང་དང་། ཉ་ལྕིབས་ལ་སོགས་པས་འཁར་བའི་རྐྱེན་ཆེན་མོ་བཀང་བ་ཁ་ཟངས་ཀྱི་པ་ཏྲས་བཅད་པ་ཕྱོགས་རེ་ན་བཅུ་བཅུ་ཞེས་གསུངས། རིམ་པར་བྱུ་རུ་འདི་མཆོད་པའི་རྫས་དང་། རྒྱན་གྱི་ནོར་དང་། སྲུང་བའི་མཚན་དང། གསོ་བའི་སྨན་སོགས་སུ་གང་བདེར་འཇོག་ཅིང་། བྱུ་རུ་ནི་མཐའ་ཡས་པའི་རྒྱ་མཚོ་ལས་བྱུང་། ཆེས་ལོ་རྒྱུས་རིང་བའི་རྒྱ་མཚོའི་སྐྱེ་དངོས་ཤིག ད་བར་ལོ་ངོ་དུང་ཕྱུར་ལྔ་ཙམ་འདའ་ཡོད་པར་བཤད། གནའ་མི་ཡིས་བྱུ་རུ་འདི་རྩི་ཤིང་བཞིན་སྐྱེ་བའི་གཏེར་ལྟ་བུ་ཞིག་ཏུ་ངོས་འཛིན་གནང་བས། ལོ་ངོ་བརྒྱད་ཅུའི་སྔོན་དུ་མི་རྣམས་ཀྱིས་གཞི་ནས་བྱུ་རུ་འདི་སྲོགས་ཆགས་ཤིག་ཡིན་པར་ངོས་ཟིན་ཐུབ་ཡོད། 《དག་ཡིག་གསར་བསྒྲིགས།》ལས། བྱུ་རུ་ནི་རྒྱ་མཚོའི་ནང་གི་སྲོག་ཆགས་ནང་ཁྲོལ་མེད་པའི་རིགས་ཤིག་གི་ལུས་ནས་རྡོ་ཞུན་གྱི་ཞུན་ཁུ་རིགས་ཤིག་ཟག་པ་ལས་གྲུབ་པ་ཡིན་ཞིང་། དབྱིབས་སྡོང་པོ་དང་འདྲ། དེའི་ཡལ་གའི་ཁོག་ན་བུ་ག་ཡོད། མདོག་དམར་པོ་མང་ཤོས་ཡིན་ཞིང་། དཀར་པོ་དང་ནག་པོ་ཡང་ཡོད། རྒྱན་ཆ་བྱེད་ཆོག་ལ་སྨན་དུའང་བཀོལ་ཆོག ཞེས་གསུངས། 《ཚིག་མཛོད་ཆེན་མ།ོ》ལས། བྱུ་རུ་ནི་རིན་པོ་ཆེའི་རིགས་ཏེ། མདོག་དམར་པོ་དང་ནག་པོ། དཀར་པོ་བཅས་མཆིས། རོ་བསྐ། ཞུ་རྗེས་བསིལ། ནུས་པས་ཀླད་སྐྱོན་དང་། རྩ་ཚད། དུག་ཚད། མཆིན་ཚད་བཅས་ལ་ཕན་རྒྱན་ཆའི་རིགས་ཀྱང་ཡིན། ཞེས་སོ། །
བོད་ཀྱི་གསོ་བ་རིག་པའི་གཞུང་དུ་བྱུ་རུ་ནི་གཏེར་ཀ་རིགས་ཀྱི་སྨན་དུ་འཇོག་ཡོད་ཅིང་། གཡུ་ཐོག་ཁྱུང་པོ་རྡོ་རྗེ་མཆོག་ནས་བྱུ་རུས་(བར་ན་ཀ་ར་ཟེར།)མཆིན་ནད་དུག་ཚད་སེལ། །རོ་བསྐ་ཞུ་རྗེས་བསིལ་དྲོད་སྙོམས། །མི་ཕམ་དགེ་ལེགས་རྣམ་རྒྱལ་མཆོག་ནས། །བྱུ་རུ་རོ་བསྐ་ཞུ་རྗེས་བསིལ་དྲོད་སྙོམས། །མཆིན་ཚད་རྩ་ཚད་དུག་ཚད་སེལ་བར་བྱེད། །ཅེས་གསུངས། མདོར་ན། བྱུ་རུ་ཞེས་རོ་མངར། ཞུ་རྗེས་བསིལ། ནུས་པ་མཆིན་ཚད། དུག་ཚད་སེལ། བརྒྱལ་གཟེར་དང་། སྨྱོ་འབོག་འཇོམས། རྩ་དཀར་དང་རྩ་ནག་གི་ནད་རིགས་ཀུན་ལ་མཆོག འདུས་པ་ལ་སོགས་ནད་གཞི་སྤྱི་ལ་ཕན། ཞེས་སོ། །
བྱུ་རུ་འདི་བོད་སྐད་དངོས་ཡིན། འབྲི་སྟངས་ལ་བྱུ་རུ་ཡང་ན་བྱི་རུ། རྒྱལ་མོ་ལོ་ཡག ནོར་བུ་ཆེན་པོ། ཁ་སྐད་དུ་བི་རུ་སོགས་མང་། གངས་ཅན་པས་བྱུ་རུ་འདི་ནོར་བུ་ཡི་རིགས་སུ་འཇོག་ཡོད། སྤྱིར་རིན་པོ་ཆེ་དང་ནོར་བུ་གཉིས་ཅུང་མི་འདྲ་ཡང་དེང་སྐབས་ཕལ་ཆེར་གཅིག་པ་ལྟར་དུ་བཤད། གནའ་མིས་ནོར་བུ་དང་རིན་པོ་ཆེ་གཉིས་མིས་བཟོས་པ་ཡིན་མིན་ལ་བལྟོས་ནས་རིགས་སུ་འབྱེད་ཅིང་། ནོར་བུ་དེ་རང་བྱུང་གིས་གྲུབ་པའི་ཤུགས་ཆེ་བ་དང་རིན་པོ་ཆེ་དེ་མིས་ཤུགས་སུ་བསྐྲུན་པའི་ཕྱོགས་མང་བས་ན་ནོར་དང་རིན་ཆེན་གཉིས་སུ་བཤད་སྲོལ་ཆགས། དེའི་ཕྱིར་ནོར་བུ་དང་རིན་པོ་ཆེ་དེ་ལྷ་ཀླུ་གཉན་གསུམ་སོགས་སུ་བགོས་ནས་དེ་དང་དེའི་ནུས་པ་བླངས་པར་བྱེད། བྱུ་རུ་འདི་གཉན་དང་བཙན་གྱི་རིགས་སམ་ནུས་པ་ཞིག་ཏུ་ངོས་འཛིན་ནས་ནོར་བུ་ཆེན་པོའམ་ནོར་བུའི་ཐོག་མ་དེ་འཇོག མ་གཞི་ཧི་མ་ལ་ཡའི་རིགས་བརྒྱུད་དུ་ཚོན་མདངས་དམར་པོ་ལ་རང་ཤུགས་ཀྱི་དགའ་སྣང་ཞིག་ཡོད་ཅིང་། རྒྱན་ཆའི་རིགས་དམར་པོ་བྱེད་པས་མ་ཚད། གདོང་པ་དམར་པོ། རྐང་ལག་དམར་པོ། དམར་པོའི་མཆོད་པ། ཅ་དངོས་ཐམས་ཅད་ལ་དམར་མདངས་ཀྱིས་ཀྱང་བྱིན་བརླབས་སྟེར་བ་བྱེད་པ། གསེར་ལ་ཚོན་དམར་བྱུགས་པ་སོགས་ནས་ཉི་མ་དམར་པོའི་འོད་ཟེར་མིས་བཟོས་སུ་ཡང་བསྐྱར་སྤྲད་པའི་ཚུལ། ཟེར་སྲོལ་ཞིག་ཏུ་གངས་ཅན་པ་དག་དམར་པོའི་རིགས་སུ་བསྡུ་བས། མི་ཡི་རིགས་དཀར་ནག་སེར་སྔོ་ནས་བོད་མི་ནི་མི་དམར་པོའི་རིགས་ཡིན་པ་གྲགས། འདི་མཚུངས་ནོར་བུ་བྱུ་རུ་དེ་ཧི་མ་ལ་ཡའི་རིག་གཞུང་དང་ཤིན་ཏུ་འཕྲོད་པའོ། །
རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་དང་ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་མཁས་པའི་དབང་པོ་དག་གིས་[རིན་ཆེན་བརྟག་ཐབས།]སུ་བྱུ་རུ་འདི་རིན་པོ་ཆེའི་རིགས་སུ་བཀོད་ཡོད། དེའི་ཕྱིར་བོད་ཀྱི་རིན་ཆེན་རྣམ་པ་བཅུ་དང་རིན་ཆེན་སྣ་ལྔ། རིན་ཆེན་སྣ་བདུན་སོགས་རིན་ཆེན་སྒྲིག་ལུགས་སུ་བྱུ་རུ་འདི་ཆད་མེད་བཞག་ཡོད་ཅིང་། ནོར་བུ་ཆེན་པོ་བྱུ་རུ་འདི་ནས་བགེགས་སེལ་ལ་བར་ཆད་བཟློག་པ། ལུས་སྲུང་བ་ནད་མེད་པ། ཁྱད་པར་དུ་ཚེ་དང་བསོད་ནམས་གཉིས་ལས་ཚེ་ཡི་དངོས་གྲུབ་འཐོབ་པའི་ནུས་པ་ངར་བ། ནུས་པ་འདི་ནས་ལུས་སེམས་སུ་བདེ་བ་སྦྱིན་པ། ཁྱད་པར་ནང་ཆོས་སུ་སངས་རྒྱས་འོད་དཔག་ཏུ་མེད་པ་དང་ལོངས་སྐུའི་ཆ་བྱད་ཚེ་དཔག་ཏུ་མེད་པ་གཉིས་ཀྱི་མཚན་དཔེ་ལས་ཟུར་དུ་བྱུ་རུ་མདངས་ལྡན་ཞེས་སྨྲ་བ་དེ། དམར་པོ་དབང་གི་ལས་སུ་བསྡུ་བའི་ཆ་ཡོངས་སུ་རྫོགས་པ་གང་ཞིག་ཚེ་ཡི་དངོས་གྲུབ་དང་བདེ་བའི་དངོས་གྲུབ་གཉིས་ལྷུན་གྱིས་གྲུབ་པ། ཆུ་ཐོག་ཆུ་བླུགས་པ་བཞིན་དུ་གནས་པས་སོ། །
འཛམ་གླིང་ཐོག་བྱུ་རུ་ཐོག་མར་རྙེད་མཁན་དེ་རྒྱ་གར་བ་ཡིན་ཟེར་བ་ཞིག་དང་ཡང་ན་ཁ་ཅིག་གིས་དབྱིག་ཏྲ་ལིའི་མི་ཡིན་ཟེར་མཁན་གཉིས་ཡོད། གང་ལྟར་བྱུ་རུ་འདི་རྒྱ་མཚོའི་འགྲམ་དུ་སྡོད་མཁན་ཞིག་ནས་རྙེད་དགོས་པ་ཡིན་ངེས། བྱུ་རུ་རྙེད་མཁན་དག་གིས་བྱུ་རུ་འདི་བགེགས་སེལ་བ་དང་གདོན་འགོག་པའི་ནོར་བུ་ཞིག་ཏུ་བརྩིས་ཏེ་མགུལ་དང་ལུས་སུ་འཆང་བ། སྔར་ཏ་ཟིག་གི་ཡུལ་དུ་བྱུ་རུ་འདི་ཧ་ཅང་རིན་ཐང་ཆེ་ཞིང་། ཕྲུ་གུ་སྐྱེས་མ་ཐག་ཏུ་བྱུ་རུ་རྡོག་མ་གཅིག་བླངས་ནས་ཕྲུ་གུའི་ལྟེ་བའི་མཚམས་སུ་འཇོག་སྟེ་བགེགས་སེལ་བ་དང་དངོས་གྲུབ་སློང་བ་བའི་ཆོ་ག་བཏང་བ། ཨ་ཧྥེ་རི་ཀའི་ཡུལ་ནས་བྱུ་རུ་འདི་ལྷ་ཡིས་གནང་བ་དངོས་མ་དེ་ལ་ངོས་འཛིན་བྱེད་ཅིང་། ལུང་པ་ཁག་ནས་བུད་མེད་དེའི་ལུས་སུ་བྱུ་རུ་ཁོ་ནས་རྒྱན་པ། མགོ་ལ་བྱུ་རུའི་ཞྭ་དང་། བྱུ་རུའི་སྐེ་རྒྱན་དང་ལག་གདུབ། དཔུང་རྒྱན། བྲང་རྒྱན། རྣ་རྒྱན། བྱུ་རུའི་འཕྱང་ཐག་བཅས་ཆ་ཚང་བྱུ་རུ་ཅན། རྒྱ་ནག་པས་བྱུ་རུ་ལ་ཧྲན་ཧུ་ཞེས་རྒྱལ་མོ་ལོ་ཡག་སྡོང་པོ་འདྲ་དེ་ཕོ་བྲང་དང་ཀུན་དགའ་ར་བའི་ནང་དུ་རྒྱན་གྱིས་ཚུལ་དུ་འཇོག་པ། ཆིང་རྒྱལ་རབས་སྐབས་སུ་རྒྱལ་བློན་དག་གི་བྱུ་རུའི་ཕྲེང་བ་འདོགས་པའི་སྲོལ་ཡང་ཡོད། བོད་མིས་བྱུ་རུ་ལ་དགའ་པོ་ཆེ་གནང་ཞིང་། མདོ་དབུས་ཁམས་རྒྱལ་རོང་དང་བཅས་པ་སོ་སོའི་ཡུལ་སྲོལ་གྱི་དབང་གིས་བྱུ་རུའི་མདོག་དང་དབྱིབས་ལ་དགའ་ཚུལ་ཅུང་མི་འདྲ་ཡང་། དོན་དུ་རིན་ཆེན་བྱུ་རུ་དེ་ལ་མཐོང་ཆེན་བྱེད་པ་འདྲ་ལ། བོད་པའི་ལུས་སུ་རིན་པོ་ཆེ་བྱུ་རུའི་མགུལ་རྒྱན་དང་ཕྲེང་བ། བྱུ་རུ་ཕྲ་ཅན་གྱི་རྒྱན་ཆ་གྲངས་ལས་འདས་པ་ཡོད། དེ་ཡང་ནོར་གྱི་དབང་པོ་བྱུ་རུའི་སྐུ་འདྲ། བྱུ་རུའི་འབྲུ་ཕོར། བྱུ་རུའི་མཆོད་རྫས་སོགས་ཧ་ཅང་མང་། བོད་མའི་འཚོ་བ་དང་གཞི་གཅིག་ཏུ་འདྲེས་པ་ལྟར་རོ། །
དེང་སང་རྒྱལ་སྤྱི་རུ་བྱུ་རུ་འདི་ནོར་བུའི་རིགས་སུ་འཁོད་དེ་དེའི་རིན་གོང་ཧ་ཅང་ཆེ། ཉི་ཧོང་སོགས་རྒྱལ་ཁབ་ཁག་གཅིག་གིས་བྱུ་རུ་འདི་རྒྱལ་ཁབ་དེའི་ཁྱད་ནོར་དང་དམིགས་བསལ་གྱི་ཐོན་རྫས་ཤིག་ཏུ་བརྩིས་ཏེ་གང་འོས་ལེན་མི་ཆོག་པའི་ཁྲིམས་ཀྱིས་བཀག་རྒྱ་ཕབ། ཐོན་ཁུངས་མ་གཅིག་པའི་དབང་གིས་བྱུ་རུའི་རྒྱུ་ལ་བཟང་ངན་དབྱེ་བ་མང་། འདི་ཐཱེ་ཝན་དང་ཉི་ཧོང་གི་བྱུ་རུ་དེ་རྒྱུ་བཟང་ཞིང་། གཞན་དབྱིག་ཊ་ལི་ཧྲ་ཏིང་གླིང་ཕྲན་ནས་གཙོས་པའི་བྱུ་རུ་ཁག་དེ་རྒྱུ་ངན་བ་ཡོད། བྱུ་རུ་དེ་རྡོ་རྒྱུ་དང་ཚོན་མདོག དབྱིབས་སོགས་ནས་དེའི་རིན་ཐང་འབྱེད་ལ། སྤྱི་ན་དེང་གི་ཚོང་ར་ན་བྱུ་རུ་དམར་པོ་ཕག་(གླང་) ཁྲག་འདྲ་དབྱིབས་རིལ་མ་ཅན་དེར་བྱུ་རུ་ཡག་ཤོས། དེ་ཁཱེ་གང་ལ་མི་དམངས་དངུལ་སྒོར་ཁྲི་གཉིས་དང་གསུམ་ལྷག་ཡིན། དམར་ནག་ཅན་གྱི་བྱུ་རུ་འདིའི་རིགས་ལ་སྤྱི་སྤྱོད་ལྟ་བུའི་མིང་ལ་ཨཱ་ཁཱ་(AaKa)ཞེས་འབོད། འདི་ལ་རབ་འབྲིང་ཐ་གསུམ་ཡོད། བྱུ་རུ་འདི་ལྟ་དེ་རྒྱ་མཚོའི་ནང་སྨིའི་བརྒྱའི་མན་ནས་བླངས་ཤིང་། གཞན་བྱུ་རུ་མདོག་དམར་སྐྱ་དེའི་མིང་ལ་མོའོ་མོའོ་(MoMo)ཞེས་རྒྱུ་ངན་བ་དང་རིན་གོང་དམའ་བ་ཡོད། འདི་ལ་རབ་དང་ཐ་མ་གཉིས། དེ་ཡང་ཧྲ་ཏིང་གི་བྱུ་རུ་མང་ཤོས་སྐྱ་མདོག་དང་རི་མོ་ཅན། བྱུ་རུའི་རྡོ་ལ་དཀར་ཐིགས་འཕོག་ཡོད། འདི་དག་དེ་རྒྱ་མཚོའི་ནང་སྨིའི་ལྔ་བཅུའི་མཚམས་ནས་བླངས་པ་ཡིན་ནོ། །