ཟོ་དོར་གཉན་པོ་ཁྲོ་རྒྱལ་ཟིལ་ཕྲོམ་གྱི་རི་ལག སྡེ་དགེའི་ཁྲོ་ལ།

ཀརྨ་རྒྱལ་མཚན། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-01


        ཁྲོ་ལ་ནི་ནུབ་བྱང་ཕྱོགས་ནས་ཤར་ལྷོའི་ཕྱོགས་སུ་འཕྲེད་རྒྱུག་བྱས་ཤིང་སྡེ་དགེ་རྫོང་ཁོངས་དགོན་ཆེན་གྲོང་རྡལ་དང་བར་མ་ཆད་པར་འབྲེལ་མཐུད་ཀྱི་རིང་ཚད་ལེ་བར་བརྒྱ་ལྷག་ཙམ་ཡོད་ལ། དེས་རྫོང་ཡོངས་ཀྱི་མངའ་ཁོངས་དེ་ཤར་དང་ནུབ་ཀྱི་ཁག་ཆེན་གཉིས་སུ་ཕྱེས་ཡོད། ཁྲོ་ལ་ནི་སྟོད་གངས་རིན་པོ་ཆེའི་རི་རྒྱུད་ཀྱི་བྱང་མཐའ་ཁམས་ཕྱོགས་ཀྱི་རི་བོ་ཆེ་ལ་མཐོ་ཤོས་མུ་ནམ་ང་འདྲ་དང་། ཁྲོ་རྒྱལ་ཟིལ་ཕྲོམ་གྱི་རི་ལག་ཤིག་ཡིན། རི་རྩེའི་མཐོ་ཚད་ཟོ་དོར་མུ་ནམ་ང་འདྲའི་ཡང་རྩེ་དང་མཉམ་པར་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་6168ཡོད། ལ་ཉག་གི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་5050ཡོད། རི་རྩེའི་ལ་ཉག་འགར་འཁྱག་ཀླུང་དང་མཚེའུ་མང་པོ་ཡོད་ཀྱང་ཆེད་དུ་སོང་ན་མ་གཏོགས་མཐོང་དཀའ། རི་ངོས་ལ་ལོ་འཁོར་མོ་ཞུ་མི་ཐུབ་པའི་སྲིད་པ་ཆགས་པའི་གངས་རྒན་ལྟ་བུའི་འཁྱག་ཀླུང་ཆེ་ཆུང་30ཙམ་ལ་རྒྱ་ཁྱོན་སྤྱི་ལེ་73ལྷག་ཡོད། ས་རིམ་སྤྱི་ནི་ས་འོག་ནས་རྫ་བྲག་རིམ་གསུམ་ལས་རིམ་གྱིས་འབུར་དུ་ཐོན་པའི་བྱེ་རྡོ་དང་། བྲག་རྡོ། རྡོ་གཡམ་བཅས་ཀྱིས་བཟོ་བོ་མཁས་པས་བཟོས་པའི་གཟུགས་དབྱིབས་མི་འདྲའི་བླུགས་སྐུ་དང་བརྐོས་སྐུ་ལྟ་བུ་གཟུགས་བརྙན་ཁྱད་མཚར་ཅན་གྲངས་ལས་འདས། ལ་འདབས་ཀྱི་ས་ངོས་ཕལ་ཆེར་རི་འབུར་གྱི་མཐོ་སྒང་ཡིན་ལ། མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་3600ནས་4000བར་ཡོད། དེང་ཡང་གནའ་དུས་ས་གཤིས་རང་འཇགས་སུ་ཡོད་ལ་རྩ་ཆུ་ཡང་འབེལ་པོ་ཡོད། ཁྲོ་ལའི་བྱང་ཤར་དུ་ཡོད་པའི་ཡིད་ལྷུང་ལྷ་མཚོ་ནི་ཁ་རྒྱ་ཆེ་ཞིང་མཛེས་ཉམས་ལྡན་པ། མཚོ་ཆུ་དང་འཁྱག་ཀླུང་། གངས་རི། ནགས་ཚལ། རྩྭ་ཐང་བཅས་མཛེས་ཉམས་ལྡན་པས་ཀུན་གྱིས་མཛེས་པའི་ལྷ་ཡུལ་རེད་ཅེས་བསྟོད་བསྔགས་བྱེད་པ་རེད། གནས། དེའང་གནའ་བོའི་བོད་ཀྱི་དམངས་གླུ་ལས། ཁྲོ་ཟིལ་ཕྲོམ་དབུ་མགོ་བཅོ་བརྒྱད་ཡོད། །ཞྭ་གཅིག་ལ་སྐོན་དང་གཉིས་ལ་སྐོན། འབུ་པ་རར་རྐང་པ་བཅོ་བརྒྱད་ཡོད། །ལྷམ་གཅིག་ལ་སྐོན་དང་གཉིས་ལ་སྐོན། །ཞེས་པས་ཁྲོ་རྒྱལ་ཟིལ་ཕྲོམ་གྱི་རི་ལག་མང་པོ་ཡོད་པ་མཚོན་ཐུབ། ཟོ་དོར་གཉན་པོ་ཁྲོ་རྒྱལ་ཟིལ་ཕྲོམ་གྱི་བསངས་མཆོད་དང་། ཟོ་དོར་མུ་ནམ་ང་འདྲའི་བསང་མཆོད་སོགས་སུ། ཟིལ་སྐྱོང་རྡོ་རྗེ་གཡུང་དྲུང་དང་། འབྲི་སྐྱོང་རྡོ་རྗེ་བློ་གྲོས་དང་། །མུ་ནམ་གཉན་པོ་མཆེད་བརྒྱད་དང་། །དབུ་ཆེ་སྤ་ར་རྨ་ཐམ་སོགས། །ཡུལ་ཕྱོགས་འདིར་གནས་ལྷ་ཀླུའི་རིགས། །སྟོབས་དང་དབང་ཐང་ཆེ་བ་རྣམས། །རང་འཁོར་སྡེ་དཔུང་བཅས་པ་ལ། །དང་བའི་ཡིད་ཀྱིས་བསྟོད་པར་བགྱི། ཞེས་དང་། གཞན་ཡང་ཟོ་དོར་ཆེན་པོ་ནི། །ཟིལ་ཕྲོམ་རྡོ་རྗེ་གཡུང་དྲུང་དང་། །རྡོ་རྒྱལ་མུ་ནམ་མཆེད་བརྒྱད་དང་། །འབྲི་རྒྱལ་རྡོ་རྗེ་སང་ཡག་དང་། །སྤོ་ཕོ་རྡོ་རྗེ་གཞོན་ནུ་དང་། །

        རྩམ་ཆེན་རྡོ་རྗེ་ཆེ་ཡག་དང་། །དགེ་བསྙེན་རྒྱལ་བ་ཐོད་དཀར་དང་། །སྨུག་སང་རྩེ་རྒྱལ་ཞལ་ད་སོགས། ཞེས་དང་། ཤར་ཕྱོགས་མངའ་རིས་དབང་སྒྱུར་ཞིང་། སྟོབས་ཀྱི་དཔུང་པས་ལེགས་བརྟེན་པའི། །རྡོ་རྒྱལ་མུ་ནམ་མཆེད་བརྒྱད་པོ། །ཀེེ་ལཱ་ཤ་ཡི་ལྷུན་པོ་ལ། །གནས་བཅས་ལྷ་ཡི་དགའ་ཚལ་བཞིན། །རྐང་འཐུང་ལྗོན་པ་སྨན་དང་ནི། །མེ་ཏོག་མཚོ་རྫིང་ཉལ་འགྲོའི་རྒྱུན། དུས་བཞིར་ལས་བཞིའི་ཁ་དོག་བསྒྱུར། །ཞེས་སོགས་བསྟོད་པ་ལ་བལྟས་ན་གནའ་ནས་རི་བོ་སྐད་གྲགས་ཅན་ཞིག་ཡིན་པར་ཤེས་ཐུབ།

        སྡེ་དགེ་ཁྲོ་ལ་ཞེས་པའི་མིང་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་རང་རྒྱལ་གྱི་མངའ་ཁོངས་སྲུང་སྐྱོང་དང་། མེས་རྒྱལ་གཅིག་གྱུར་བྱེད་པའི་ཆེད་དུ་བོད་ཞི་བས་བཅིངས་འགྲོལ་གཏང་བར། སྤྱི་ལོ་1951ལོར་དམག་སྒར་18པ་བོད་དུ་བསྐྱོད་སྐབས་ཁྲོན་བོད་གཞུང་ལམ་བཟོ་བསྐྲུན་བྱས་ནས་བཟུང་འཛམ་གླིང་ཧྲིལ་པོའི་ས་ཕྲའི་ངོས་རྒྱལ་ཁབ་རིམ་པའི་གཞུང་ལམ་318པའི་ཐོག་ཁྲོ་ལ་ཞེས་པའི་མིང་ཡོངས་སུ་གྲགས། མིང་དེ་གང་མོས་སུ་བཏག་པ་མིན་ལ་ས་གནས་ཀྱི་ལོ་རྒྱུས་དང་། ས་གཤིས། གོམས་སྲོལ་བཅས་དང་བསྟུན་ནས་བཏགས་པ་སྟེ། ད་ལྟའི་ཁྲོ་ལའི་ཕུག་ལམ་ཡོད་སའི་ཤར་སྒོའི་ཕྱོགས་དང་ནུབ་སྒོའི་ཕྱོགས་ཀྱི་ལུང་པ་ལ་ཁྲོ་ཁོག་དང་། དེར་སྡོད་པའི་ཡུལ་སྡེའི་ཚོ་པ་ལ་ཁྲོ་པ་བ་ཞེས་གནའ་ནས་འབོད་སྲོལ་ཡོད། བོད་ཀྱི་སྐད་དུ་རི་བོ་ལ་ལ་མགོ་ཞེས་དང་དེའི་མདའ་ལ་ལུང་པ་ཞེས་འབོད་སྲོལ་ཡོད་པ་ལྟར་ཁྲོ་ཁོག་ཕུའི་ལ་མགོ་ཡིན་པས་ཁྲོ་ལ་ཞེས་བཏགས་པའོ། །ཁྲོན་བོད་གཞུང་ལམ་ཁྲོ་ལ་ཨར་ལས་སྐབས་བཟོ་སྐྲུན་པ་མང་པོ་ཞིག་སྔོན་རྗེས་སུ་རང་སྲོག་ཤོར་བ་ལས། སྤྱི་ལོ་1951ལོའི་ཟླ་བ་12པའི་ཚེས་10ཉིན་བློ་མཐུན་ཀྲང་ཧྥུ་ལིང་རྦབ་རྡོས་གནན་ཏེ་ཨར་ལས་ཀྱི་ལམ་ཁར་དུ་ཚེ་ལས་འདས་ཤོར། ཕྱི་ཉིན་དམག་སྒར་18པའི་སི་ལིང་པུའུ་ཡིས་ལྷོ་ནུབ་དམག་ཁུལ་ལ་སྙན་ཞུས་ཕུལ། དེ་འཕྲལ་བློ་མཐུན་ཀྲང་ཧྥུ་ལིང་ལ་དཔའ་འདས་རྟགས་མ་རིམ་པ་དང་པོ་དང་། དཔེ་བཟང་གུང་ཁྲོན་ཏང་ཡོན་གྱི་མཚན་སྙན། སྔོན་ཀྲང་ཧྥུ་ལིང་ཡོད་སའི་པན་ལ་ཀྲང་ཧྥུ་ལིང་པན་ཞེས་པའི་གཟེངས་བསྟོད་ཀྱི་མཚན་སྙན་གནང་། ཀྲང་ཧྥུ་ལིང་གི་དཔའ་འདས་དུར་གླིང་དེ་ཁྲོ་ལའི་ནུབ་ཕྱོགས་རི་རྩར་ད་ལྟའང་ལྷང་ངེར་ཡོད་ལ། མི་རྣམས་ཀྱིས་དེ་ལ་དྲན་གསོ་ཡང་ཡང་དང་། དར་དཀར་དང་མེ་ཏོག་གི་ཕྲེང་བ་ནམ་རྒྱུན་དུ་ཕུལ་བའོ། །

སྡེ་དགེའི་ཡིད་ལྷུང་ལྷ་མཚོ།

        དེ་ལྟར་ལོ་ངོ་65རིང་ཁྲོན་བོད་གཞུང་ལམ་གྱིས་སྡེ་དགེ་གཙོས་པའི་འབྲི་ཆུ་ཤར་ནུབ་ཀྱི་སྤྱི་ཚོགས་བདེ་འཇགས་དང་། དཔལ་འབྱོར་གོང་འཕེལ། ཆབ་སྲིད་བརྟན་བརླིང་སོགས་གང་དང་གང་གི་ཐད་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་ལ་ཕན་ཐོགས་བྱུང་བ་ནི་སུས་ཀྱང་སྨོས་མ་དགོས། ད་ལམ་རང་རྒྱལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་སྤྱི་དང་། ལྗོངས་དང་ཞིང་ཆེན་བར་ཕན་ཚུན་འབྲེལ་མཐུད་བྱེད་པ་གཙོ་གནད་དུ་འཛིན་པའི་ཕྱོགས་བསྡུས་འཛུགས་སྐྲུན་གྱི་དགོས་མཁོ་དང་བསྟུན་ནས། ཁྲོ་ལའི་ཕུག་ལམ་གྱི་ལས་གཞི་ལ་རྒྱལ་ཁབ་འགྲིམ་འགྲུལ་པུའུ་དང་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་སྐྱོར་ཚད་མེད་ཐོབ་ནས། ཀྲུང་གོའི་ལྕགས་ལམ་ཅུས་དང་པོ་དང་ཀྲུང་གོའི་འཛུགས་སྐྲུན་ཅུས་ལྔ་པ་གཉིས་ཀྱིས་ལས་གཞི་འཛུགས་སྐྲུན་གྱི་འགན་དང་དུ་བླངས་ཏེ། སྤྱི་ལོ་2012ལོའི་ཟླ་བ་9པར་ཁྲོ་ལ་ཕུག་ལམ་གྱི་འཛུགས་སྐྲུན་འགོ་དངོས་སུ་ཚུགས་ནས་ད་བར་ལོ་ཧྲིལ་པོ་ལྔ་སོང་སྟེ། ད་ལམ་ཟླ་བ་11པའི་ཚེས་9ཉིན་ཕུག་ལམ་རིང་ཚད་སྨི་7079ཅན་དེ་ཕུག་གྲུབ་ནས་ནང་གི་ཆུ་ཡུར་དང་། གློག་འདྲེན། ཕུག་འགྲམ་གྱི་སྣེ་འདྲེན་གཞུང་ལམ་སོགས་མཇུག་གི་ཨར་ལས་ལ་འཇུག་བཞིན་པ། སོང་ལོ་ཟླ་བ་10པའི་ནང་ཨར་ལས་ཡོངས་སུ་རྫོགས་ནས་རླངས་འཁོར་ཤར་གཏང་ཆོག་པའོ། །མིག་སྔར་ཁྲོ་ལའི་ཕུག་ལམ་ནི་འཛམ་གླིང་ཐོག་མཐོ་ཚད་རྒྱ་མཚོའི་ངོས་ལས་ཆེས་མཐོ་བའི་ཕུག་ལམ་ཡིན། ། 

ཁྲོ་ལ་རི་བོའི་འགག་སྒོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1