མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཤར་ནུབ་ཕྱོགས་སུ་གནས་པའི་ཟུང་ཆུ་ནི་གནའ་སྔ་མོ་ནས་བཟུང་རང་རྒྱལ་བོད་རིགས་ས་ཁུལ་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། ལོ་རྒྱུས་ཀྱི་ཡིག་ཆར་བཀོད་པ་ལྟར་ན་རི་རྒྱུད་ཀྱི་རྩ་བ། ཆུ་མགོ་ཡི་འབྱུང་ཁུངས། གཡོན་ཤའོ་ལུང་ས་ཆ་དང་གཡས་ཁམས་ཕྱོགས་སུ་འབྲེལ། ཟུང་ཆུ་ནི་ལོ་རྒྱུས་ཐོག་ཏུ་དར་གོས་ཚོང་ལམ་དང་ཇ་རྟའི་ཚོང་ལམ། དམག་དོན་གྱི་གནས་གཙོ་བོ་ཞིག་ཡིན་པ་དང་ནང་ཁུལ་མཚོ་འཕགས་སྨི་5588དང་ཆེས་དམའ་བའི་མཚོ་འཕགས་ལ་སྨི་1080ལྷག་ཡིན་ལ་མི་གྲངས་ཁྲི་8ལྷག་ཡོད་པ་དང་ནང་གསེས་བོད་རིགས་མི་གྲངས་ཀྱིས་43.53%ཟིན་ཡོད།
བོད་ཡིག་གི་བསྟན་བཅོས་དང་ཚད་ལྡན་ཡིག་ཆ་རུ་བཀོད་པ་ལྟར་ན། སྤྱི་ལོ་དུས་རབས་7པར་ཐུ་བྷོད་རྒྱལ་རབས་དར་རྒྱས་བྱུང་པ་ནས་བཟུང་ཟུང་ཆུ་ས་ཁུལ་དུ་སྔར་ཡོད་ཀྱི་མངའ་རིས་དང་དབུས་གཙང་། ཁམས་པ་སོགས་ས་ཁུལ་བཞི་དང་ཚོ་བ་མང་པོ་ལས་གྲུབ་པའི་མཐའ་སྲུང་དུད་ཚང་ལམ་ལུགས་ཀྱི་བོད་དམག་ཏེ་བཅའ་སྲུང་དམག་གིས་སྲུང་ཡོད་ལ་རིམ་གྱིས་ཚོ་བ་དང་ཚོ་བའི་བར་དུ་འཐབ་འཁྲུག་བྱུང་ནས་བོད་ཁུལ་གྱི་འཚོ་བ་དཀའ་སྡུག་གི་གནས་སུ་སླེབས། ལོ་ཟླའི་དུས་ཡུན་རིང་པོའི་བརྒྱུད་རིམ་ཁྲོད་ཐུ་བྷོད་རྒྱལ་རབས་རིམ་བཞིན་ཉམས་རྒུད་དུ་གྱུར་པ་དང་འཐབ་འཁྲུག་གི་གནོད་སྐྱོན་ལས་གཡོལ་ཆེད་བོད་ཁུལ་གྱི་ས་གནས་སོ་སོ་ནས་ཡོང་བའི་བོད་རིགས་མི་དམངས་རྣམས་རིམ་གྱིས་ཟུང་ཆུ་ས་ཆ་ནས་འདུས་སྡོད་བྱས་ལ་དེ་ལྟར་ད་ལྟའི་དུས་ཀྱི་ཟུང་ཆུའི་རྣམ་པ་འདི་གྲུབ།
བོད་རིགས་བུད་མེད་ཀྱི་མགོ་རྒྱན་ནི་ཀྲིན་ཕིན་གྲོང་ཡུལ་ཤོག་དང་གདོང་སྣ་ཡུལ་ཤོག་ནས་ཡར་སོང་བ་ན་ཞང་ངུ་ཁོག ཁྲོམ་རྗེ་ཁོག ཨ་སྟོང་ཁོག སྟག་ཤིག་ཁོག་དང་ཟུང་ཆུ་རྫོང་བརྒྱུད་ནས་གཙོ་ཚང་དགོན་གྲོང་བརྡལ་དུ་སླེབས་པ་ན། བུད་མེད་རྣམས་ཀྱི་མགོ་རྒྱན་སྲོལ་རྒྱུན་ལས་འགྱུར་ལྡོག་ཕྲན་བུ་བྱུང་། ཟུང་ཆུའི་བོད་སྐད་ཁྲོད་དུ་མགོ་རྒྱན་ལ་རེ་བའམ་མགོ་ར་ཞེས་འབོད་ལ་དུས་ཀྱི་བར་མཚམས་ཕྱེས་ན། ལོ་རབས་80བའི་ཡར་སྔོན་དུ་བུད་མེད་རྣམས་ཀྱིས་དབུ་སྐྲ་རིང་པོ་ཐོད་པའི་དཀྱིལ་ནས་ཕྱོགས་གཉིས་སུ་བཀར་རྗེས། གཡས་གཡོན་གཉིས་ཀྱི་སྐྲ་དག་གྲངས་ལས་འདས་པའི་ལན་བུ་ཆུང་ངུ་བསླས་ནས་ཟླ་གམ་དབྱིབས་ལྟར་མགོའི་རྒྱབ་ཕྱོགས་སུ་དཔྱངས་ནས་རལ་བ་ཆེན་པོ་གཅིག་གྲུབ་པར་བྱེད་ལ། དེ་ནས་སྦྲང་རྩིའི་པྲ་ཚིལ་དང་བྱུ་རུ་སོགས་སྐུད་པ་ནག་པོ་སྦོམ་ཕྲ་རན་པ་ཞིག་གིས་སྲིབ་ལྷོད་རན་པའི་ངང་བསྟར་བར་བརྒྱུས་ནས་མགོའི་མཐའི་རིང་ཚད་དང་མཉམ་པའི་རས་ཆའི་སྟེང་དུ་ཆ་ཚང་ངང་བཙེམ་པ་དང་། བྱུ་རུ་རེ་རེའི་སྟེང་དུ་སྦྲང་རྩིའི་པྲ་ཚིལ་རེ་རེ་བསྡམས་པ། མཐའ་བསྐོར་དུ་རླབས་རིས་ཡོད་པའི་ཐིག་དམར་པོ་དང་སེར་པོ་ཡི་དར་གོས་བཙེམ་པ། ནང་དུ་རྩིད་པ་དང་ཁུ་ལུ། ཀ་ཟླུམ་དབྱིབས་ཀྱི་གླ་སྤུ་ལས་ལེབ་ལེབ་ཏུ་ཆགས་པ་ཕྲེང་གཅིག་ཏུ་བསྒྲིགས་པ་དང་སྐུད་པ་སྦོམ་པོས་རལ་བའི་སྟེང་དུ་བསྡམས་པ། དེ་ནས་མགོའི་མཐར་བསྐོར་ནས་དཔྲལ་བའི་མདུན་དུ་འཇོག་པ། ལྷག་ཡོད་པའི་རལ་བ་མགོ་རྒྱབ་ཏུ་དཔྱངས་པ་དང་དེའི་སྟེང་དུ་དངུལ་སྒོར་གཅིག་བསྡམས། དེ་ནས་དངུལ་གྱི་རྣ་ལུང་གཉིས་འདོགས་པ་དང་རྒྱུ་སྤུས་ལེགས་པའི་སྐེ་དཀྲིས་གཅིག་དཀྲིས་ན་མགོ་རྒྱན་བཏེགས་ཡོད་པའི་བུད་མེད་ནི་བབ་ཆགས་ལ་མཛེས་ཉམས་ཀྱིས་གཏམས་ངེས།
རྔ་བའི་དམུ་དགེ་ས་ཆའི་བོད་རིགས་བུད་མེད་ཀྱི་མགོ་རྒྱན།
ལོ་རབས་90པའི་རྗེས་ནས་བཟུང་། དུས་རབས་ཀྱི་བསམ་བློའི་འགྱུར་ལྡོག་ཁྲོད་ནས་བོད་རིགས་བུད་མེད་རྣམས་ཀྱིས་ལན་བུ་ཆུང་ངུ་མི་སླ་མོད། ཁ་དོག་ནག་པོའི་སྐུད་པ་ཕྲ་མོ་དང་མགོ་སྐྲ་རྫུན་མས་སྔོན་གྱི་སྐྲ་རིང་པོའི་ཚབ་བྱས་ནས་རལ་པ་སླ་ངེས། སྲོལ་རྒྱུན་གྱི་མགོ་སྐྲ་སླ་བའི་ཐབས་ཤེས་ཉམས་དམས་སུ་གྱུར་མོད། ལན་བུ་སླ་པའི་ཐབས་ཤེས་གསར་པའི་ཁྲོད་དམར་ལ་འཛུམ་མདངས་ལྡན་པའི་ངོ་གདོང་ལྷང་ངེར་བུད་པ་དང་གཟུགས་དབྱིབས་སྨྱུག་མའི་མདངས་ལ་འཁུ་བའི་བོད་རིགས་བུད་མེད་རྣམས་ནི་སྔར་བཞིན་མཛེས་སྡུག་གི་དཔལ་ལ་འགྲན་ལ་བབ་ཆགས་ཀྱི་རང་གཤིས་ལྡན།ཧུང་ཡོན་རྫོང་གི་ཟུང་ཆུ་དམུ་དགེ་ས་ཁུལ་གྱི་འབྲོག་ཁུལ་བུད་མེད་རྣམས་ཀྱི་མགོ་རྒྱན་ལ་དེ་བས་ཁྱད་ཆོས་ལྡན་དེ། ཁོ་ཚོའི་མགོ་རྒྱན་བཟོ་བའི་རྒྱུ་ཆ་སོ་སོ་གླང་ཆེན་གྱི་སོ་དང་བྱུ་རུ། སྦྲང་རྩི། པྲ་ཚིལ། གཡུ་གཙོ་བོར་བཟུང་ལ་ཤིན་ཏུ་ཕྲ་བའི་ལྕགས་སྐུད་གྱིས་ཟླུམ་པོ་གཏན་འཇགས་སུ་གྲུབ་པར་བྱས།
སྐལ་བཟང་མེ་ཏོག་ཚོམས་གཅིག
སྐྲ་ལོ་ཐོད་པའི་དཀྱིལ་ནས་གཡས་གཡོན་གཉིས་སུ་བཀར་རྗེས་གྲངས་མང་པའི་སྦྲང་རྩིའི་པྲ་ཚིལ་དང་གཡུ་སྔོན་པོ་སོགས་9ནས་10ཙམ་བསྟར་བར་བརྒྱུས་ནས་མགོའི་མཐའ་བསྐོར་ནས་མགོ་རུ་གྱོན་པ་དང་། དེ་ནས་མཛུབ་མོའི་ཆེ་ཆུང་ལྟ་བུའི་གླང་ཆེན་གྱི་བ་སོ་སྟོང་བ་འཇོང་དབྱིབས་སུ་བཟོས་ནས་ནང་དུ་རྩིད་པ་ཁུ་ལུ་དང་གླ་རྩི་སོགས་དང་རས་ཀྱིས་ཤུབས་བཟོས་ནས་གྱེན་བསྒྲིགས་ནས་བསྐོར་བ་གཅིག་བཟོས་པ་དང་སྦྲང་རྩའི་པྲ་ཚིལ་སོགས་ཀྱི་སྟེང་དུ་དངུལ་དང་གསེར་གྱི་ཕྲ་རྒྱན་བཏབ་ནས་མཛེས་བཟོས་བྱེད་པས་དབྱིབས་དང་ཁ་དོག རྒྱུ་སྤུས་གང་རུང་ནས་བལྟས་ན་གྲལ་དག་ལ་ཁྱད་ཆོས་ལྡན་པར་མ་ཟད་རྟ་ཐོག་སོགས་གང་ནས་ཡིན་རུང་འཐོར་མི་སྲིད་པ་སྲ་ཞིང་བརྟན། སྤྲོ་ཚོགས་སོགས་སུ་མགོ་རྒྱན་བཏགས་པའི་བུད་མེད་རྣམས་མཉམ་གཅིག་དུ་འདུས་ཡོད་པ་མཐོང་མ་ཐག་སྐལ་བཟང་མེ་ཏོག་ཚོམས་གཅིག་བཞད་ཡོད་པ་དང་གཉིས་སུ་མ་མཆིས་ལ་ཐག་རིང་གི་མགྲོན་པོ་རྣམས་ཀྱིས་རང་དབང་མེད་པར་སྐལ་བཟང་མེ་ཏོག་འོག་ན་ཡོད་པའི་དམར་ལ་ཅུང་སྐྱེང་པའི་འཛུམ་མདངས་ལྷད་མེད་དེར་ཐེངས་ཤིག་ལྟ་ངེས།
ཟུང་ཆུ་ས་ཆའི་བོད་རིགས་བུ་མོའི་ཁྱད་མཚར་བའི་རྒྱན་གོས།