ཁ་བའི་ཁྲོད་ཀྱི་བོད་སྡེ། ཝང་ཅེན་དབྱིན་གྱིས་པར་བླངས།
སྟོན་གསུམ་ནས་ཆང་གི་བཟི་ཁ་བཙན་པོ། །
འཚོ་བའི་དགོད་སྒྲ་དང་འབྲོག་གི་མཚེར་ཐོག །
སེམས་པའི་དབྱར་གཞུང་ལ་རྟ་ཕོ་ཚུར་འོང་། །
སྨིན་མའི་གཞིས་ཀ་ལ་འཁྲབ་གཞུང་བྲིས་ཡོད། །
མཛའ་གཞས་སྙན་མོ་ལ་རྨི་ལམ་ཆགས་འདུག །
ཚངས་དབྱངས་རྒྱ་མཚོ་དང་ཆུང་འདྲིས་བུ་མོ། །
ཆུ་མགོ་གཙང་མ་ལ་སྡིག་སྒྲིབ་བཀྲུས་ཚར། །
དང་མའི་གླུ་སྐད་ཅིག་ཞེ་འདང་དཀར་པོ། །
ཁ་བ་འབབ་བྱུང་ལ་ཡིད་དེ་འཁྱག་ཟེར། །
སྐྲ་ལོའི་ཁུགས་སོ་ན་དགའ་སྐྱོ་བསྣན་ནོ། །
ཚེ་ཡི་ལན་ཆགས་སུ་སྨོན་ལམ་བཏབ་པ། །
རྡོ་བའི་གས་སྲུབས་ལ་མེ་ཏོག་སྐྱེས་ཡོང་། །
ཉལ་ཐུལ་དཀར་པོ་རུ་མི་ཞིག་གཉིད་ཟིན། །
མཚོ་དེའི་ཕྱི་ནང་གཉིས་ཐབ་ཚང་ཡིན་སྐད། །
རྨི་ལམ་འཁྱུག་ཙམ་ལ་ཞྭ་མོ་བསླས་བཞིན། །
ལས་འཕྲོའི་རྩྭ་ཕུང་ནང་འུ་གཉིས་གབ་འདུག །
སེམས་ཀྱི་མཛེས་པ་ལ་སྟོན་ཁའི་མཚན་ནུབ། །
ཞོགས་པའི་མགྲོན་པོ་དག་ཆུ་ཁར་ཤར་སོང་། །
ཆུ་འགྲམ་ཆུ་མིག་ནང་གྲིབ་མ་གཉིས་འགྲོས། །
རྣ་བའི་བུ་གར་ནང་མཛའ་གཞས་བླངས་ཡོད། །
པི་ཝང་ཆུང་ངུ་ལ་དབྱངས་ཤིག་བཀུག་འདུག །
ཉི་ཟླ་མགོ་ཐོག་ནས་བགྲོད་བཞིན་མ་ཚོར། །
ཤ་བ་ཡུ་མོ་གཉིས་ཞེ་ལ་ཐོགས་འདུག །
དགུན་ཁའི་སྙིང་གཏམ་དེ་ཡིད་ལ་ཨེ་དྲན། །