བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-01


( དེབ་གོང་མའི་འཕྲོར་མཐུད། )

        མཚུར་ལུགས་སྐར་རྩིས། རབ་བྱུང་བདུན་པའི་ཤིང་སྦྲུལ་ཏེ་སྤྱི་ལོ་1425ལོར། མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་རྗེ་རང་བྱུང་རྡོ་རྗེའི་རྗེས་སུ་འབྲངས་ཏེ་《རྩིས་ཀྱི་གཞུང་ལུགས་ཆེན་མོ།》མཛད། མཚུར་ཕུའི་ལོ་ཐོ་ཞེས་པ་ཐོག་མར་བཏོན། སྔ་རབས་ཀྱི་བྱ་ཞག་རྩིས་ལ་སོགས་པའི་དུས་བརྟག་གནམ་དཔྱད་རྣམས་ཚེས་ཁོངས་སུ་བཀོད་པ་ཟླ་རེའི་གནམ་གཤིས་འགྱུར་ལྡོག་དང༌། ཉི་ཟླ་གཟའ་འཛིན། ཚེས་གྲངས་ཆད་ལྷག་བཙའ་ཐན་སད་སེར་སོགས་རང་བྱུང་གི་གནོད་འཚེ་གང་ཡོད་བཅས་སྔོན་བརྡ་བསྟན་ཡོད་པས་དུས་ཕྱིས་བར་དབུས་གཙང་ཁུལ་དུ་འདི་དར་ཁྱབ་ཆེ། རྩིས་ཀུན་བསྡུས་པ་ལ་འཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ་གྱི་《རྩིས་འགྲེལ།》དང༌། དཔའ་བོ་གཙུག་ལག་ཕྲེང་བས་《རྩིས་འགྲེལ་རིན་ཆེན་གཏེར་མཛོད།》མཛད་པ་སོགས་ཀྱིས་དར་སྤེལ་བཏང་བ་ལ་མཚུར་ལུགས་ཞེས་སུ་གྲགས། དེའི་རྒྱུན་ལས་མདོ་ཁམས་སྟོད་དུ་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ཞབས་ཀྱིས་སྔར་སྲོལ་བོད་ཀྱི་སྨན་རྩིས་རིག་པའི་གཞུང་ལག་ལེན་དང་བཅས་པ་འཆད་ཉན་དར་སྤེལ་ཤུགས་ཆེན་གནང་བའི་ཁར། རྒྱ་ནག་ནས་གསོ་རིག་སྐོར་དང་མདོ་སྡེ་སྟག་རྣ། འབྱུང་རྩིས། རྒྱ་ནག་གླང་རྩིས་སོགས་རྩིས་སྐོར་དང༌། རྩ་མདོ་སོགས་སྨན་དཔྱད་སྐོར་འགའ་བོད་སྐད་དུ་བསྒྱུར་གནང་བ་དང༌། རྒྱ་གར་དང་བལ་ཡུལ་ནས་འབྲས་རྩིས་མྱུར་བར་རྟོགས་བྱེད་སོགས་རིག་པའི་གནས་ཀྱི་གཞུང་ལུགས་ཁག་ཅིག་བླངས་ཐོག་ཉི་ཟླ་གཟའ་འཛིན་དང༌། ཉི་ལྡོག་སོགས་དུས་བརྟག་གནམ་དཔྱད་སྐོར་ལ་ཞིབ་འཇུག་མང་དུ་གནང་སྟེ་ཡུལ་གྲུ་སོ་སོའི་ཁྱད་ཆོས་ཀྱི་དུས་གཟེར་རྣམས་གཏན་ལ་ཕབ། སྡེ་དགེ་དཔལ་སྤུངས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་སྟེ་སྤྱི་ལོ་1754ལོར་གནས་ལྔ་རིག་པའི་སློབ་གླིང་ཞེས་པ་ཞིག་བཙུགས་ནས་སྨན་རྩིས་རྒྱུན་འཛིན་པ་མང་པོ་གསོ་སྐྱོང་གནང༌། མཚུར་ལུགས་གཙོ་བོར་བྱེད་པའི་གཞུང་ལུགས་ལག་ལེན་བཅས་དར་སྤེལ་ཤུགས་ཆེན་གནང་སྟབས་མདོ་ཁམས་ཡོངས་སུ་དེའི་སྲོལ་རྒྱུན་དར་ཁྱབ་བྱུང་བར་མ་ཟད། བོད་ཡོངས་ལ་ཤུགས་རྐྱེན་ཆེ། ལྷག་པར་དུ་རྒྱ་ནག་གླང་རྩིས་ཀྱི་ལག་ལེན་གསར་འགྱུར་མཛད་ནས་རྒྱ་ནག་ལུགས་ཀྱི་བཀའི་ས་གླང་བརྟག་པའི་རྩི་སྲོལ་ཐོག་མར་གསར་གཏོད་གནང་བ་བོད་ཁམས་ཡོངས་ལ་དར་ཁྱབ་བྱུང༌། དེ་ནས་བཟུང་སྟེ་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཡོངས་ཀྱིས་ལོ་རེ་བཞིན་ཐན་ཞོད་ཆེ་ཆུང༌། ལོ་ཕྱུགས་ལེགས་ཉེས། བཙའ་སད་སེར་བ་སོགས་ཇི་ལྟར་འབྱུང་བའི་སྐོར་ལ་རྩིས་འབྲས་གཞན་དག་ལས་ཀྱང་ས་གླང་གི་འབྲས་བུ་གཙོ་བོར་དཔྱད་དེ་གླེང་མོལ་དང་དོ་སྣང་བྱེད་པའི་གོམས་སྲོལ་ཆགས་ཡོད་སྟབས་སྙན་གྲགས་ཆེ་ལ་ཡིད་ཆེས་ཟབ་མོ་ཡོད། རབ་བྱུང་བཅུ་གཉིས་པའི་ཆུ་བྱི་སྟེ་སྤྱི་ལོ་1732ལོར་རྗེ་དབོན་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་《རྩིས་ཀྱི་ལག་ལེན་ཉེར་མཁོ་བུམ་བཟང།》བརྩམས་པ་དང༌། 《མཚུར་ལུགས་གྲུབ་རྩིས་དཔལ་སྤུངས་ལོ་ཐོ།》ཞེས་པ་སྔར་ལས་རྒྱས་པ་ཞིག་བཏོན། དུས་ཀྱི་གཟེར་རྣམས་མཚུར་ཕུ་འཇམ་དབྱངས་ཆེན་པོ་དང་རྗེ་མི་བསྐྱོད་རྡོ་རྗེའི་ལུགས་བཞིན་བཀོད། འབྱུང་རྩིས་ཀྱི་ལོ་འགོ་འཛིན་ས་མི་འདྲ་བའི་ཁྱད་པར་ལས་ས་བདག་གི་རྒྱུ་ཁྲ་མི་འདྲ་བ་དང༌། གྱོ་ཁང་རེའུ་མིག་ཚེས་ཁོངས་སུ་བཀོད་པ་སོགས་ཕུག་ལུགས་གྲུབ་རྩིས་དང་བཞེད་སྲོལ་ཅུང་ཟད་ཐ་དད་དུ་བྱས་པ་འདི་ལ་དུས་ཕྱིས་《མཚུར་ལུགས་ལོ་ཐོ།》ཞེས་གྲགས་སྟབས་བཀའ་སྲོལ་འདི་བཞིན་ལག་ལེན་བྱེད་མཁན་ཡང་མང་དུ་ཡོད། སྐབས་དེར་དཔལ་སྤུངས་ཀྱི་སྨན་གྲྭ་ཞེས་པ་ཤིན་ཏུ་གྲགས་ཆེ་བ་ཞིག་བྱུང་བ་དེ་ནས་ཐོན་པའི་སློབ་མ་སྨན་རྩིས་ལ་མཁས་པ་མང་དུ་ཐོན། རབ་བྱུང་བཅུ་བཞི་པའི་ཆུ་བྱི་སྟེ་སྤྱི་ལོ་1852ལོར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་རྩིས་གཞུང་ཉེར་མཁོ་བུམ་བཟང་གི་རྩིས་འགོ་སྤོས་ནས། 《སྐར་རྩིས་ལེགས་བཤད་ཀུན་བཏུས།》བརྩམས་པ་དེ་ཉིད་དུས་ཕྱིས་མཚུར་ལུགས་ལག་ལེན་བྱེད་མཁན་རྣམས་ཀྱི་ལག་ལེན་བྱེད་ཐབས་ཀྱི་གཞུང་གཙོ་བོ་ཞིག་ཏུ་གྱུར་ཡོད།

        ཕུག་ལུགས་སྐར་རྩིས། དེང་དུས་ལྷོ་ཁ་ས་ཁུལ་དུ་བྱུང་བའི་མཁས་དབང་རྒྱ་མཚོ་རྣམ་གསུམ་ཞེས་པ། ཕུག་པ་ལྷུན་གྲུབ་རྒྱ་མཚོ། གཙང་ཆུང་ཆོས་གྲགས་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ་བཅས་བྱུང་བ་ལ། དེ་རྣམས་ཀྱིས་རབ་བྱུང་བརྒྱད་པའི་མེ་ཡོས་ཏེ་སྤྱི་ལོ་1447ལོར་《རྩིས་གཞུང་པད་དཀར་ཞལ་ལུང་།》དང༌། 《དྲི་མེད་འོད་རྒྱན།》 སོགས་བརྩམས། བོད་ཀྱི་ཡུལ་དུས་དང་འཚམ་པའི་དུས་བརྟག་གནམ་དཔྱད་གཏན་ལ་ཕབ་སྟེ་ལོ་ཐོ་སྦྱོར་སྲོལ་གྱི་བྱ་གཞག་རིམ་བཞིན་གོང་འཕེལ་བཏང༌། རྩིས་སྟོན་བསམ་རྒྱལ་པ་སོགས་ཀྱིས་རིམ་བཞིན་སྤེལ་བ་ལ་གྲ་མདའ་ཕུག་པའི་རང་ལུགས་ཞེས་ཡོངས་སུ་གྲགས་པ་བཀའ་སྲོལ་དེ་བྱུང༌། དེ་དག་གི་རྒྱུན་ལས་ཕྱིས་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ཏེ་སྤྱི་ལོ་1687ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྩིས་ཀྱི་བསྟན་བཅོས་ཆེན་མོ་《བཻ་དཀར།》བརྩམས། དཀར་ནག་དབྱངས་གསུམ་གྱི་དོན་ཤིན་ཏུ་རྒྱས་པར་བཤད། ཉི་སྐར་དང་བསྒྲིགས་ནས་དུས་ཀྱི་གཟེར་མང་པོ་གཏན་ལ་ཕབ། ལྡོག་གཉིས་དབུགས་སྒང་སོགས་ཀྱི་ཚད་གཞི་རི་མོའི་སྒོ་ནས་ངེས་གཏན་འཁེལ་བ་གནང༌། ལོ་ཟླ་ཞག་དུས་ཀྱི་ས་བདག་རྒྱུ་བ་དང༌། སྤར་སྨེ། རྟེན་འབྲེལ་སོགས་ཉེ་བར་མཁོ་བ་རྣམས་ཚེས་ཁོངས་སུ་བཀོད་པ་སོགས་ལོ་ཐོ་རྩོམ་སྒྲིག་གི་ཚུལ་ལུགས་སྔར་ལས་ཤིན་ཏུ་རྒྱས་པར་གཏན་ལ་ཕབ། བོད་ཁམས་ཡོངས་ཀྱི་རྩིས་པ་ཚང་མས་འདྲི་ཞིང་རྩོད་པའི་སྒོ་ནས་དོགས་གཅོད་དགོས་པའི་གསུང་བསྐུལ་མཛད་པར་བརྟེན། མཁས་པ་ཆེན་པོ་ལུ་འགོ་བླ་མཁྱེན་ངག་དབང་གིས་དཀའ་གནད་ཀྱི་དྲི་བ་ཉིས་བརྒྱ་དང་བརྒྱད་ཕུལ་བ་ལ། ལུང་རིགས་མན་ངག་གིས་ཐེ་ཚོམ་ཆོད་པའི་དྲིས་ལན་གཡའ་སེལ་མཛད། ལྕགས་རི་གྲྭ་ཚང་སོགས་འཆད་ཉན་གྱི་སློབ་གྲྭ་བཙུགས་ནས་རྒྱུད་འཛིན་པ་མང་པོ་གསོ་སྐྱོང་གནང༌། སྨན་རྩིས་གཉིས་མཉམ་སློབ་མཉམ་སྤྱོད་ཀྱི་སྲོལ་རྒྱུན་དར་སྤེལ་བཏང་བས་བོད་ཁམས་ཡོངས་སུ་ཁྱབ་པར་གྱུར། རབ་བྱུང་བཅུ་གཉིས་པའི་ཤིང་རྟ་སྟེ་སྤྱི་ལོ་1714ལོར་སྨིན་གླིང་ལོ་ཆེན་དྷརྨ་ཤྲིས་《རྩིས་ཀྱི་བསྟན་བཅོས་ཉིན་བྱེད་སྣང་བ་མ་བུ་ཆ་ལག》བཅས་དང༌། དེའི་《རྣམ་འགྲེལ་གསེར་གྱི་ཤིང་རྟ།》བརྩམས་ནས་སྨིན་གྲོལ་གླིང་གི་ལོ་ཐོ་ཞེས་པ་བཏོན་ནས་བར་སྐབས་སུ་དབུས་གཙང་ཁུལ་དུ་ལོ་ཐོ་འདི་ཉིད་གཙོ་བོར་གནང་སྲོལ་ཡོད། སྨིན་གླིང་རང་དུ་སྨན་རྩིས་སོགས་རིག་གནས་སློབ་གྲྭ་བཙུགས་ནས་ངག་དབང་དཔལ་བཟང་སོགས་ཀྱིས་སྨན་རྩིས་གཉིས་ཀ་འཆད་ཉན་དང་ལག་ལེན་རྒྱ་ཆེར་བྱས་ནས་གསོ་རིག་དང༌། གནམ་རིག་སྐར་རྩིས་ཀྱི་བྱ་བ་མཉམ་འབྲེལ་ཐོག་ཆ་ཚང་བ་དང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་བཏང༌། རྩིས་གཞུང་ཆེན་མོ་འདི་ཉིད་ནི་ད་ལྟ་རང་རེས་རྒྱུན་དུ་སྤྱོད་པའི་རྩིས་ཀྱི་ལག་ལེན་ཕལ་ཆེར་གྱི་ཁུངས་གཏུགས་ས་ཞིག་ཏུ་གྱུར་སྟབས་ཤིན་ཏུ་གྲགས་ཆེ་ཞིང་གྲ་མདའ་ཕུག་པའི་རང་ལུགས་དར་ཁྱབ་འགྲོ་བའི་འཕྲིན་ལས་ཀྱི་གཙོ་བོར་གྱུར།

        ཀརྨ་སྒར་བྲིས། ཀརྨ་སྒར་ལུགས་ཞེས་པའི་རི་མོ་འདི་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ནས། དུས་རབས་བཅུ་བདུན་པའི་དུས་དཀྱིལ་བར་དུ་གནས་པའི་ཀརྨ་པའི་ཆོས་ཚོགས་སྒར་ཆེན་འཛམ་གླིང་རྒྱན་ཞེས་པའི་ཆོས་སྒར་ཆེན་པོ་དེའི་ནང་རི་མོ་འདི་འབྲི་སྲོལ་གསར་ཏུ་གཏོད་པས་ན་ཀརྨ་སྒར་བྲིས་ཞེས་འབོད་སྲོལ་བྱུང་། ལུགས་སྲོལ་འདི་ཉིད་གསར་གཏོད་གནང་མཁན་ནི་སྒར་ཆེན་གྱི་བླ་མ་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཞེས་པ་དེ་ཡིན་ཞིང༌། དེ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་ལ་ཡར་སྟོད་དུ་སྐུ་འཁྲུངས་ཤིང་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེས་རྗེ་རང་ཉིད་ཀྱི་སྤྲུལ་པ་སངས་རྒྱས་ཀྱི་སྐུ་གཟུགས་སྤེལ་བའི་འཕྲིན་ལས་པ་ཡིན་པར་ལུང་བསྟན། ཞྭ་དམར་སྐུ་ཕྲེང་ལྔ་པ་དཀོན་མཆོག་ཡན་ལག་དང༌། རྒྱལ་ཚབ་སྐུ་ཕྲེང་བཞི་པ་གྲགས་པ་དོན་གྲུབ་གཉིས་ཀྱིས་ཞལ་བཀོད་མཛད་དེ། ཨེ་པ་དཀོན་མཆོག་ཕན་བདེའི་མདུན་དུ་བཏང་ནས་སྨན་རིས་ཀྱི་རྒྱུན་བསླབས། རུས་ཚུགས་རྒྱ་གར་ལི་མ་དང༌། སྨན་ཐང་ལུགས་གཞིར་བཞག གངས་རི་དང་། ནགས་ཚལ། རྩྭ་ཐང་། སྤྲིན་རིས། ཚོན་མདངས་རྣམས་བོད་ཀྱི་ཡུལ་ལྗོངས་ལ་གཞི་བཟུང་ནས་གསར་གཏོད་གནང་ཞིང་སྔར་གྱི་ཐང་ཀའི་རི་མོ་འབྲི་སྲོལ་དང་ཅུང་ཟད་ཐ་དད་པར་ཅན་གྱི་སྒྱུ་རྩལ་གྱི་ཁྱད་ཆོས་གསར་པ་ཞིག་བྱུང་བ་དེ་ལ་ཀརྨ་སྒར་ལུགས་ཀྱི་བྲིས་རྒྱུན་ཟེར། དེ་རྗེས་ཆོས་བཀྲ་ཤིས་བྱ་བ་དང༌། དེའི་རྗེས་སུ་ཆབ་མདོ་ཀར་ཤོད་དུ་འཁྲུངས་པའི་ཀརྨ་བཀྲ་ཤིས་ཞེས་པའི་སྒར་ཆེན་གྱི་བླ་མ་དེས་རི་མོ་དེ་རྒྱུན་འཛིན་དང་དར་སྤེལ་གནང་། ཆབ་མདོའི་ཕྱོགས་སུ་སྒར་ལུགས་རི་མོ་འབྲི་བའི་སློབ་མའི་ཚོགས་མང་པོ་བྱུང་ཞིང་། སྟོད་ལུང་མཚུར་ཕུ་དགོན་དང་། ཀརྨ་དགོན་རྣམས་ཀྱི་ལོགས་རིས་དང་། ཞལ་ཐང་མང་པོ་གསར་བཞེངས་གནང་བ་མ་ཟད། དབུས་ལྷ་སའི་ཕྱོགས་སུའང་སྒར་ལུགས་ཀྱི་རི་མོའི་སློབ་མ་མང་ཙམ་འཕེལ། དེ་ལྟར་ཡར་སྟོད་ནམ་མཁའ་བཀྲ་ཤིས་དང་། ཆོས་བཀྲ་ཤིས། ཀར་ཤོད་ཀརྨ་བཀྲ་ཤིས་གསུམ་ལ་སྒར་ལུགས་སྤེལ་བའི་བཀྲ་ཤིས་རྣམ་གསུམ་ཞེས་དེང་དུས་བར་དུ་སྙན་གྲགས་བྱུང་། དེ་དག་ཐམས་ཅད་ལས་ཁྱད་དུ་འཕགས་པ་ནི་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེས་ལྷོ་བྲག་ཆུ་ཁྱེར་དུ་སྤྲུལ་སྐུ་ཚེ་རིང་གི་མདུན་དུ་ཐོག་མར་སྨན་ལུགས་ཀྱི་རི་མོ་བསླབས། རྗེས་སུ་སྒར་ལུགས་ཀྱི་རི་མོ་བསླབས་པས་ཧ་ཅང་མཁས་པ་ཆེན་པོར་གྱུར། སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་དགའ་ལྡན་ཕོ་བྲང་བཙུགས་མ་ཐག་ཏུ། ཀརྨ་པའི་སྒར་ཆེན་སོག་དམག་གིས་གཏོར། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་འཇང་ཡུལ་དུ་བྲོས་ནས་སྐྱབས་བཅོལ་བཞུགས་པའི་སྐབས་སུ། ཀརྨ་པ་ཉིད་ཀྱང་སྒར་ལུགས་ཀྱི་རི་མོ་ལ་ཤིན་ཏུ་མཁས་པ་ཡིན་སྟབས་བསྟན་པའི་སྦྱིན་བདག་དང་། ཞལ་སློབ་རྣམས་ལ་དད་རྟེན་ཏུ་རྗེ་ཉིད་ཀྱིས་ཕྱག་བྲིས་གནང་བའི་རིགས་གསུམ་མགོན་པོའི་ཞལ་ཐང་ཆུང་ངུ་མང་པོ་ཕྱག་བྲིས་གནང་ཡོད་པ་དེ་དག་ད་ལྟའང་མཇལ་རྒྱུ་ཡོད། སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་དུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་སྒར་ལུགས་རི་མོ་ལ་གསན་སྦྱངས་གནང་ཞིང་། ཡུལ་བཀོད་དང་། ཚོན་མདངས་སོགས་ལེགས་བཅོས་གང་འཚམས་གནང་སྟེ་ཐུབ་པའི་སྐྱེས་རབས་ཞལ་ཐང་སོ་གཉིས། གནས་བརྟན་བཅུ་དྲུག བཀའ་བརྒྱུད་གསེར་ཕྲེང་སོགས་གསར་བཞེངས་གནང་ཡོད་པ་འདི་ལ་སྒར་ལུགས་གསར་མའང་ཟེར། དེ་རྗེས་དུས་རབས་བཅུ་དགུ་པའི་སྟོད་ཙམ་ལ་བྱུང་བའི་ཆབ་མདོ་ཀརྨ་དགོན་གྱི་ལྷ་བཟོ་པ་བསྟན་འཛིན་དགེ་ལེགས་ཉི་མ་དང༌། ནང་ཆེན་བ་ཀར་འབྲུག བསོད་ནམས་ཉི་མ་རྣམས་ནི་སྒར་ལུགས་འཁྲུལ་མེད་ཀྱི་ལྷ་རིས་པ་ཡིན། དུས་ཕྱིས་མཚན་ཆེ་བའི་རིག་པའི་གནས་ཐམས་ཅད་དང་། ཁྱད་པར་ལྷ་བཟོའི་གཞུང་ལུགས་དང་ལག་ལེན་གཉིས་ཀ་ལ་མཁས་དབང་ཆེན་མོ་ཐང་བླ་ཚེ་དབང་ནི་སྒར་ལུགས་དང་། སྨན་ལུགས་གཉིས་ཀ་ལ་མཁས་ཤིང་ཁྱད་པར་སྒར་སྨན་འདྲེས་མའི་ལུགས་གྱི་རི་མོ་དང་འབག་བཟོའི་ལག་རྩལ་སྐོར་དར་སྤེལ་གཏོང་བའི་འཕྲིན་ལས་པ་གཙོ་བོར་ཞིག་ཡིན། །

        སྨན་ལུགས་རི་མོ། དུས་རབས་བཅོ་ལྔ་པའི་འགོ་ཙམ་ལ་ལྷོ་བྲག་སྨན་ཐང་ཞེས་པའི་ཡུལ་དུ་སྨན་བླ་དོན་གྲུབ་སྐུ་འཁྲུངས། ལོ་དེར་ཡུལ་དེའི་མཚལ་ཁ་ཡང་བྱེ་བར་བཤད། སྐུ་ན་སྨིན་པ་དང་ཁྱིམ་ཐབ་ཀྱང་བཞེས། ནམ་ཞིག་ཙ་ན་རང་གི་ཆུང་མ་དང་མ་མཐུན་པར་ཡུལ་འཁྱར་ནས་བཞུད་པས། ཡར་འབྲོག་སྟག་ལུང་དུ་སླེབས་པ་དང་པིར་སྣོད་དང་བྲིས་དཔེ་ཞིག་རྙེད་པས་རི་མོ་འབྲི་རྒྱུ་ལ་བློ་ཕྱོགས། གཙང་དུ་ཕྱིན་པ་དང་གཙང་གི་ལྷ་བཟོ་པ་མཁས་པ་ཆེན་པོ་རྡོ་པ་བཀྲ་ཤིས་རྒྱལ་པོ་དང་འཕྲད་པས་དེའི་མདུན་ནས་རི་མོ་འབྲི་ཚུལ་དང༌། འབག་བཟོའི་ལག་རྩལ་སྦྱངས་པས་ཡུན་རིང་མ་འགོར་བར་མཁས་པར་གྱུར། མདོ་རྒྱུད་གཉིས་དང་བསྟུན་ནས་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཀྱི་ཆ་ཚད་དང་ཐིག་རྩ་ལ་ཚུགས་ཆེན་བརྒྱད་གཏན་ལ་ཕབ། དེ་རེ་རེ་ལའང་ཤ་ཚུགས་རེ་དང༌། ན་བཟའ་རྒྱུན་སྤྲོད་རེ་བཅས་ཐིག་ཚད་བཅུ་དྲུག་བཤད་པའི་《ཐིག་ཡིག་ཆ་ཚད་ཡིད་བཞིན་ནོར་བུ།》ཞེས་པ་དེ་བརྩམས། སྔར་གྱི་བྲིས་རྒྱུན་རྙིང་པ་གཞིར་བཞག་གི་ཐོག་ཏུ་རང་གི་རིག་རྩལ་ལས་ཐོན་པའི་སྒྱུ་རྩལ་གྱི་ཉམས་སྣ་ཚོགས་གསར་སྣོན་བྱས་པའི་ལུགས་ལ་སྨན་ལུགས་རི་མོ་ཞེས་ཟེར། ལུགས་འདིའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ནི། དྲག་པོའི་རིགས་རྣམས་ཁྲོ་འཛུམ་ལྡན་པ། ཞི་བའི་རིགས་རྣམས་སྐུ་འཕང་འཚམ་ཞིང་མཛེས་པ། ཤ་རིས་ཕྲ་ལ་དྭངས་པ། གོས་རིས་བཀྱག་མནན་ལྡན་པ། ཚོན་མདངས་དྭངས་ལ་ཆ་ཚད་འཚམ་པ་སོགས་ཡིན། ལུགས་དེ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་སུ་བརྒྱུད་དེ་ད་བར་མ་ཉམས་གོང་འཕེལ་འགྲོ་བཞིན་པའོ། །

        ཡང་མཁྱེན་བརྩེ་ཆེན་མོ་ཞེས་གོང་དཀར་སྒང་སྟོད་དུ་འཁྲུངས་པ་དེས་ཀྱང་སྔ་མ་དང་ལུགས་ཅུང་ཟད་མི་མཐུན་པར་བཟོ་རྒྱུན་མཛད་དེ་སྨན་མཁྱེན་གཉིས་ཞེས་གངས་ཅན་དུ་ཉི་ཟླ་ལྟར་གྲགས་པའི་རི་མོ་འབྲི་ཚུལ་གྱི་སྲོལ་སོ་སོར་ཕྱེས། དུས་དེ་སྐོར་ཞིག་ལ་ཡར་སྟོད་དུ་སྤྲུལ་སྐུ་བྱིའུ་ཞེས་པ་འཁྲུངས། ཆུང་དུས་ནས་རི་མོ་ལ་དགའ་ཞེན་གྱིས་བརྩོན་པ་ཆེན་པོས་སྦྱང་བ་གནང༌། རི་མོ་འབྲི་ཡུལ་གྱི་སྦྱང་ཤིང་དང་ཤོག་དཔེ་རྣམས་ལུས་དང་འབྲལ་མེད་དུ་བཅངས་ནས་བྲིས་རྒྱུན་གང་ལེགས་ཀྱི་སྙིང་བཅུད་སྡུད་ལེན་བྱེད་གང་ཐུབ་དང༌། ཕྱོགས་གང་དུ་རི་མོའི་བྲིས་དཔེ་ལེགས་པོ་ཞིག་ཡོད་པར་ཐོས་ཚེ་དེར་ཕེབས་ནས་བརྩད་ཞིབ་བྱེད་ཅིང་དེ་དག་གི་ལེགས་ཆ་གང་ཡོད་ཞིབ་འཇུག་དང་སྡུད་ལེན་བྱེད་པའི་ལྷ་བཟོ་པ་ཞིག་ཏུ་གྱུར། གནས་ངེས་མེད་དུ་འགྲིམ་ནས་འཚོ་བ་སྤྱོད་ཀྱིན་ཡོད་སྟབས་སྤྲུལ་སྐུ་འདི་ནི་གནས་ལ་ངེས་པ་མེད་པ་བྱི་ཞིག་དང་མཚུངས་པ་འདུག་ཅེས་གྲགས་པས་མཚན་ལ་ཡང་སྤྲུལ་སྐུ་བྱི་ཞེས་ཐོགས། དེའི་ཕྱག་རྩལ་ལས་ཐོན་པའི་བཟོ་རྒྱུན་སྨན་མཁྱེན་གཉིས་དང་ཅུང་མི་མཐུན་ལ། ཚོན་མདངས་ནི་གཞན་ལས་ཁྱད་དུ་འཕགས་པ་ཞིག་བྱུང་བ་བཅས་དུས་དེར་རི་མོ་འབྲི་སྲོལ་ལ་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་གསུམ་ཙམ་བྱུང༌།

        སྨན་གསར་ལུགས་ནི། དེ་རྗེས་སུ་བྱུང་བའི་གཙང་པ་ཆོས་དབྱིངས་རྒྱ་མཚོ་ཞེས་པས་སྲོལ་བཏོད། འབྲི་སྲོལ་འདི་ནི་རྩ་བ་སྨན་ལུགས་རང་རྐང་ཡིན་ཀྱང་ཐུན་མིན་གྱི་ཁྱད་ཆོས་ནི། ཞི་སྐུ་རྣམས་ལ་སྐུ་འཕང་མཐོ་ལ་ཕྲ་བ། ཁྲོ་སྐུ་རྣམས་ལ་གཏུམ་ཞིང་རྔམ་པ། ཤ་ཚོ་ལ་ཕྱི་ནང་གི་ཁྱད་པར་ཕྱེད་པ། ལོ་མ་དང་རྒྱན་རིས་རྣམས་ཞིབ་ཅིང་ཕྲ་བ་ཞིག་ཡིན། ལུགས་འདིའི་རི་མོའི་མཚན་གཞི་ནི་སྔོན་མདོ་ཁམས་སྡེ་དགེ་ཀཿཐོག་ཏུ་གུ་རུ་མཚན་བརྒྱད་ཀྱི་ཤིང་པར་ཡོད་པ་དེ་དག་སྨན་གསར་རི་མོ་ཡིན་པ་དང༌། དུས་རབས་འདིའི་འགོ་ཙམ་དུ་བྱུང་བའི་ལྷ་བཟོ་མཁས་པའི་མཚན་སྙན་ཐོབ་པའི་ཀཿཐོག་ཕྱོགས་ཀྱི་གྲུ་པ་ཕུར་བུར། འཛིང་ལྷ་འཇམ་དབྱངས་སོགས་ཀྱིས་བྲིས་པའི་རི་མོ་རྣམས་དང༌། དེང་དུས་གཙང་ཕྱོགས་ཀྱི་བྲིས་པའི་ཐང་ག་མང་ཆེ་བ་སྨན་གསར་གྱི་རི་མོ་ཡིན་འདུག
ལོ་རྒྱུས་ཞིབ་འཇུགདུས་རབས་དེའི་ནང་དུ་བྱུང་བའི་ལོ་རྒྱུས་ཀྱི་དེབ་ཐེར་རྣམས་དེང་དུས་ཡོངས་གྲགས་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞིག་ཏུ་རྩི་བའི་《དེབ་ཐེར་དམར་པོ》དང༌། 《དེབ་དམར་གསར་པ》 《དེབ་ཐེར་སྔོན་པོ》 《མཁས་པའི་དགའ་སྟོན་》རྣམས་ཡིན།         1 《དེབ་ཐེར་དམར་པོ།》 ཡི་རྩོམ་པ་པོ། ཚལ་པ་ཀུན་དགའ་རྡོ་རྗེ། 【1309-1364】རབ་བྱུང་དྲུག་པའི་མེ་ཁྱི་སྤྱི་ལོ་1346ལོར་བརྩམས། འདི་ནི་དེབ་ཐེར་སྔོན་མ་གཞན་དང་མི་འདྲ་བར་བོད་ཀྱི་ཡིག་རྙིང་དག་དཔྱད་གཞི་གཙོ་བོར་བྱས་ཤིང༌། རྒྱ་ནག་གི་ལོ་རྒྱུས་ཡིག་ཆ་ཁག་གཅིག་བོད་ཡིག་ཏུ་བསྒྱུར་པ་ཡང་དཔྱད་གཞིར་བཟུང་བ་དང༌། ལྷག་པར་དུ་བོད་ཐང་བར་གྱི་འབྲེལ་བའི་སྐོར་གྱི་ཡིག་ཆ་ཁག་བོད་ཡིག་ཏུ་བསྒྱུར་ནས་སྐབས་དེའི་ལོ་རྒྱུས་ཀྱི་བདེན་དཔང་གཙོ་བོར་བྱས་ཡོད་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
        2. 《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད།》ཀྱི་རྩོམ་པ་པོ། སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོ། འཁྲུངས་འདས་ཀྱི་ལོ་རྒྱུས་མ་རྙེད། འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་མཁས་པ་ཞིག་ཡིན་པ་ལོ་རྒྱུས་དེབ་ཐེར་འདིའི་མཇུག་བྱང་སྨོན་ཚིག་ལས་གསལ། རབ་བྱུང་བདུན་པའི་ཤིང་སྟག་སྤྱི་ལོ་1434ལོར་ཡིན་པར་ར་འཕྲོད། རྒྱལ་རབས་འདིའི་ཁྱད་ཆོས་གཙོ་བོར་བོད་ཀྱི་ལོ་རྒྱུས་ལས་ས་སྐྱ་དང་། ཕག་གྲུའི་སྐབས་ཀྱི་ལོ་རྒྱུས་ཅུང་ཞིབ་ཆ་དང་། ལྷག་པར་དུ་ལོ་རྒྱུས་ཡིག་ཚང་གཞན་དག་ཏུ་མཐོང་བ་དཀོན་པའི་གནའ་བོའི་དུས་སུ་བོད་དུ་རལ་གྲི་དང་། ཇ་དང་དཀར་ཡོལ་བྱུང་ཚུལ་བཅས་བོད་ཀྱི་ཚན་རིག་ལག་རྩལ་དར་ཚུལ་གྱི་ལོ་རྒྱུས་དང་། གཞན་ཡང་ཞ་ལུའི་དཔོན་དང་། རྒྱལ་རྩེ་ཆོས་རྒྱལ། སྟག་སྣ་རྫོང་པ། རྣམ་རྒྱལ་གླིང་པ་སོགས་སྐབས་དེའི་ཡུལ་སྡེ་སོ་སོའི་དཔོན་ཁག་གི་ལོ་རྒྱུས་ཅུང་ཁ་གསལ་བ་བཅས་བཀོད་ཡོད་པའི་དེབ་ཐེར་ཞིག་རེད། །
        3. 《དེབ་ཐེར་སྔོན་པོ།》 ཡི་རྩོམ་པ་པོ། འགོས་ལོ་གཞོན་ནུ་དཔལ། 【1392-1481】 རབ་བྱུང་བརྒྱད་པའི་མེ་སྤྲེལ་སྤྱི་ལོ་1476ལོར་བརྩམས། དེབ་ཐེར་འདིའི་ཁྱད་ཆོས་གཙོ་བོ་ཞིག་ནི། ལོ་རྒྱུས་ཀྱི་དོན་རྐྱེན་རྣམས་དུས་མཚུངས་ཀྱི་ལོ་ཚིགས་བསྒྲིགས་ནས་གསལ་བཤད་བྱས་ཡོད་པ་དང༌། དུས་མཚུངས་སྒྲིག་པའི་རྩིས་གཞི་རྒྱལ་པོ་སྲོང་བཙན་སྒམ་པོའི་འཁྲུངས་ལོ་ལ་བྱས་སྟབས་སྲོང་བཙན་ནས་ལོ་ཆེན་འདི་ཉིད་ཀྱི་བར་དུ་བྱུང་བའི་དོན་རྐྱེན་ཆེ་ཤོས་རྣམས་ཕལ་ཆེར་ལོ་ཚིགས་གསལ་པོར་འཁོད་ཡོད་པས། དེབ་ཐེར་འདིའི་འཁོད་ཀྱི་བོད་ཀྱི་མི་སྣ་ཕལ་ཆེར་བའི་འཁྲུངས་འདས་ཀྱི་ལོ་ཚིག་ཁ་གསལ་བཀོད་ཡོད་འདུག་པས། བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་ལས་ལོ་རྒྱུས་ཀྱི་དུས་ཚོད་ཁ་གསལ་ཤོས་དང་། ཁུངས་བཙུན་ཤོས་ཞིག་ཡིན།
        4. 《དེབ་དམར་གསར་མ།》ཡི་རྩོམ་པ་པོ། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ། 【1478-1554ལོའི་】དགུང་ལོ་དྲུག་ཅུ་རེ་གཅིག་པ་རབ་བྱུང་དགུ་པའི་ས་ཁྱི་སྤྱི་ལོ་1538ལོར་བརྩམས། དེབ་ཐེར་འདི་ནི་ཚལ་པའི་དེབ་དམར་ནང་དུ་མ་འཁོད་པའམ་མ་གསལ་བ་དག་ལ་གསལ་བཤད་དང་ཁ་སྣོན་བྱས་པ་ལྟ་བུ་ཞིག་ཡིན་པར་མ་ཟད། ད་དུང་ལོ་རྒྱུས་ཀྱི་དོན་རྐྱེན་རྣམས་དུས་རབས་དང་ལོ་ཚིགས་གསལ་བཤད་བྱེད་གང་ཐུབ་བྱས་ཡོད་པ་འདི་ཡིས། དུས་རབས་དང་ལོ་ཚིགས་གང་ཡང་མེད་པའི་ལྷ་སྒྲུང་ལྟ་བུའི་ལོ་རྒྱུས་ཀྱི་འབྲི་སྲོལ་དེ་ལས་གོམ་གང་མདུན་སྤོས་ཀྱི་འབྲི་སྲོལ་གསར་པའི་སྒོ་འཕར་ཞིག་ཕྱེས་ཡོད།
        5. 《ཆོས་འབྱུང་མཁས་པའི་དགའ་སྟོན།》གྱི་རྩོམ་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། 【1504-1566】 རབ་བྱུང་དགུ་པའི་ཤིང་སྦྲུལ་སྤྱི་ལོ་1545ལོར་རྩོམ་འགོ་ཚུགས་པ་དང༌། སྤྱི་ལོ་1564ལོར་བརྩམས་པ་ཡོངས་སུ་གྲུབ་པའི་བར་ལོ་ངོ་ཉི་ཤུ་ཙམ་འགོར་ཡོད། ཆོས་འབྱུང་འདི་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་བཤད་པའི་སྐབས་སུ་གྲུབ་མཐའ་རིས་སུ་མ་ཆད་པ་བོན་དང་བཅས་པའི་གནའ་བོའི་ཡིག་རྙིང་ནང་དུ་འཁོད་པའི་ལོ་རྒྱུས་ཀྱི་སྐོར་རྣམས་དཔྱད་གཞིར་བཟུང་ཡོད་པ་དང༌། དེང་དུས་ཏུན་ཧོང་ཡིག་ཆ་དང་རིགས་གཅིག་པའི་བཙན་པོའི་དཀོར་མཛོད་ནང་གི་གཙིགས་ཀྱི་ཡི་གེ་དང༌། རྡོ་རིང་གི་ཡི་གེདྲིལ་བུའི་ཁ་བྱང་སོགས་གནའ་བོའི་ཡིག་རྙིང་དག་ལ་ཞིབ་འཇུག་གནང་སྟེ་ལོ་རྒྱུས་ཀྱི་ཁུངས་བཅོལ་ས་ལེགས་པར་བརྟག་ཡོད་པ་འདི་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་ལྡན་པ་ཞིག་ཡིན་ལ། རྡོ་རིང་གི་ཡི་གེ་སོགས་བོད་ཀྱི་ཡིག་རྙིང་ཁག་ལ་ཞིབ་འཇུག་བྱས་ནས་ལོ་རྒྱུས་སྨྲ་བའི་སྲོལ་ཐོག་མར་གཏོད་པ་པོ་ཡང་འདི་ཡིན། དེས་ན་དུས་རབས་འདི་ནི་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུའི་ལས་ཀ་དེ་རིམ་བཞིན་ཡར་རྒྱས་ལ་ཕྱིན་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1