འདོད་ཁམས་ས་ཡི་དཀྱིལ་འཁོར་ལ་བརྟེན་ཏེ། །
འདོད་ཡོན་བདེ་བར་རོལ་བའི་རྒྱལ་ཁམས་སུ། །
འདོད་པས་སུན་པ་མེད་པའི་འཇིག་རྟེནའདིར། །
འདོད་པའི་ལྷ་ཡིས་དངོས་གྲུབ་སྩལ་དུ་གསོལ། །
རྒྱ་ཆེན་ཤེས་བྱའི་སྐྱེད་ཚལ་ཡངས་པོ་རུ། །
རྣམ་རིག་གཙུག་ལག་འདབ་སྟོང་རབ་བཞད་དེ། །
བློ་ལྡན་ར་ཡིག་གཉིས་པའི་བརྟུལ་ཞུགས་ཀྱིས། །
ཐོས་བརྩོན་སྦྲང་རྩིའི་དགའ་སྟོན་དགྱེས་པར་རོལ། །
ལང་ཚོ་པད་དཀར་གཞོན་ནུའི་བཞིན་རས་ལ། །
མཆུ་སྒྲོས་འདབ་བརྒྱ་གྲོལ་བའི་འཛུམ་མདངས་ཀྱིས། །
ཚེམས་ཕྲེང་གེ་སར་གསར་པའི་གཟི་འོད་རྩེར། །
གནག་སྣུམ་འདྲེན་བྱེད་བུང་བས་རྩེ་དགའ་རོལ། །
ལྡེམ་འགྱུར་ལུས་ཀྱི་ཉམས་འགྱུར་ལྗོན་ཤིང་ལས། །
འཇམ་མཉེན་ཕྱག་གི་ཡལ་ག་དྲི་བཞོན་གྱིས། །
དུང་བའི་ཟོལ་གྱིས་བསྐུལ་བའི་ལྕགས་ཀྱུ་ཡིས། །
ཁོ་བོའི་ཡིད་ཀྱི་དྲན་པ་དབང་མེད་འགུག །
མྱོས་པའི་མཁུར་ཚོས་དམར་བའི་བཞིན་རས་ངོས། །
ངོ་མཚར་པད་དཀར་བཞད་པའི་ཞལ་སྒོ་ནས། །
མཛའ་བའི་གསང་གཏམ་ཁྲོལ་བའི་རོལ་མོ་ནི། །
རྣ་བའི་དཔྱིད་ལ་ཡིད་ཀྱི་དང་བ་འདྲེན། །
ཁྱེད་སྐུ་ཟླ་གཞོན་ཟེགས་མའི་ག་བུའི་རྡུལ། །
བསིལ་བའི་ཐིགས་པ་ལྷུང་བའི་རེག་བྱ་ནི། །
རྩུབ་པའི་མཚོན་ཆ་ཕལ་གྱིས་མི་བསྒྲུན་བའི། །
མི་བཟོད་ལུས་ཀྱི་ཆ་ཀུན་དགའ་བདེས་འཇོམས། །
འདོད་ལྷའི་བདག་པོའི་བྱིན་རླབས་ཆུ་རྒྱུན་ལས། །
ལུས་སེམས་བདེ་ཆེན་ཞིང་དུ་དྲོངས་བ་ཡིས། །
ན་ཚོད་ལང་ཚོ་གསར་པའི་འཇོ་སྒེག་ལ། །
འཇམ་མཉེན་རྩེ་དགའི་མེ་ཏོག་ལན་བརྒྱར་སྦྱིན། །
སྲིད་གསུམ་བདེ་བའི་ལམ་གྱི་གྲོང་ཁྱེར་དུ། །
ཆགས་པས་རྗེས་སུ་སྙེགས་པའི་འཇིག་རྟེན་འདི། །
ངལ་གསོའི་བསྟི་གནས་བདེ་བའི་གནས་མཆོག་ཏུ། །
ངོ་མཚར་མཆོག་གིས་དགའ་བར་དགྱེས་པར་རོལ། །
མི་རིང་ཚེ་འདི་ཆགས་པའི་ཞིང་ས་རུ། །
ལས་ཀྱིས་འཕོངས་པའི་སྒྱུ་ལུས་གཡར་པོ་འདི། །
ནམ་ཞིག་ཆོས་ཉིད་གནམ་གྱི་རྒྱལ་མོ་དང་། །
མ་མཇལ་བར་དུ་ཆགས་པའི་བདེ་ལ་སྦྱོར། །
དགའ་མགུ་མཉེས་དང་སིམ་པའི་རྩེ་དགའ་ཡིས། །
ལུས་སེམས་དགའ་བདེའི་སྙོམས་འཇུག་སྟོང་ཆེན་གྱི། །
མཁའ་ལ་ཉི་གཞོན་གསལ་བའི་འོད་སྣང་གི། །
འཁོར་འདས་རོ་མཉམ་ལྟད་མོ་དུས་གཅིག་མཐོང། །
བཅུ་དྲུག་ལང་ཚོ་བཞད་པའི་ཀུན་དཱ་མས། །
ནམ་མཁའི་བ་མོ་འཇོ་བར་དགའ་བའི་དཔྱིད། །
ཕུང་ཁམས་སྐྱེ་མཆེད་སྣང་སྲིད་སྣོད་བཅུད་ཀུན། །
བདེ་བ་ཆེན་པོའི་ཀློང་དུ་ཐིམ་པར་འགྱུར། །
བརྗོད་མེད་སྟོང་ཆེན་ཤེས་རབ་ལྷ་མོ་ནི། །
གཟུགས་མེད་གསལ་རིག་སེམས་ཀྱི་བུ་ཆུང་དང་། །
ཟུང་དུ་སྦྱོར་བའི་ཐབས་ལ་མཁས་གྱུར་ན། །
འབྲས་བུ་ལྷན་སྐྱེས་བདག་སྲས་དམ་པ་འཁྲུངས། །
ཀུན་དཀྲིས་བདེ་བའི་རོ་ལ་ཞེན་པ་ཡིས། །
སྙོམས་འཇུག་གསང་བའི་གནས་སུ་ཡིད་རྟོན་གྱི། །
འཇིག་རྟེན་ཐ་མའི་རྟོག་པས་བསླད་པར་ནི། །
གཏན་གྱི་འདུན་མ་བརླག་པའི་རྒྱུ་རུ་འགྲོ། །
ཕྱི་སྣང་ཀུན་རྫོབ་སྒྱུ་མའི་གྲོང་ཁྱེར་དུ། །
སྲིད་ཞིའི་ཕུན་ཚོགས་འདོད་ཡོན་རྒྱན་དུ་རོལ། །
ནང་ལྟར་རྟོག་ཚོགས་རིག་པའི་རང་རྩལ་གྱིས། །
རྗེས་མེད་སྟོང་ཉིད་མཁའ་ལ་ཞི་བ་བརྙེས། །
དེ་སྐད་རང་བྱུང་རིག་པའི་ཁྱེའུ་དེས་། །
རང་སྣང་སྒྱུ་མའི་ཟློས་གར་རྩེན་པ་ཡིས། །
ཕོ་མོའི་ལས་ལ་གཞོལ་བའི་སྐྱེ་བོ་ལ། །
འདོད་ཡོན་འཇའ་ཚོན་རི་མོ་ལམ་དུ་བཀྲ། །
ངོ་མཚར་ཆགས་བསྐྱེད་འདོད་ཡོན་རྣམ་ལྔ་ལ། །
གང་སྣང་གཏད་མེད་རིག་པའི་རང་རྩལ་དུ། །
ཉེ་བར་སྤྱད་པའི་སྤྱོད་པ་མི་འདོར་བ། །
བསྐལ་བཟང་ཞི་བའི་སྒོ་ལ་འཇུག་པར་གྱུར། །
སེམས་ཉིད་སྟོང་པའི་ནམ་མཁའ་ཡངས་པོ་རུ། །
ལྷག་བསམ་སྤྲིན་གྱི་འདབ་མ་རབ་གཡོས་ཏེ། །
ཕན་བདེ་ཆར་དུ་བསྙིལ་བའི་ལེགས་སྐྱེས་འདི། །
གངས་ལྗོངས་རིགས་མཐུན་རིག་པའི་བུ་ལ་སྦྱིན། །